༄༅། །རྒྱལ་མོ་འབྲུག་པ།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཏིང་བཀྲ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-24


           བོད་ཀྱི་དཔེ་སྐྲུན་པ་དང་ལོ་རྒྱུས་ཞིབ་འཇུག་པ་རྒྱལ་མོ་འབྲུག་པ་ལགས་ནི་1957ལོའི་ཟླ་6པར་མདོ་སྨད་བསང་ཆུ་རྫོང་ (ད་ལྟ་གཙོས་གྲོང་ཁྱེར་གྱི་ཁོངས་སུ་འདུས།) རྒྱལ་མོ་དགོན་ཞང་དུ་སྐྱེས། ད་ལྟ་ཁོང་གིས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་འཛིན་དང་། རྩོམ་ཞུས་པ་ཆེན་མོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སློབ་གླིང་གི་ཞིབ་འཇུག་སློབ་མའི་དགེ་རྒན། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གདན་ཞུས་ཞིབ་འཇུག་པ་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་མཐུན་ཚོགས་ཀྱི་ལས་འཛིན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

རིག་པའི་གཤོག་རྩལ་ཤེས་བྱའི་མཁའ་དབྱིངས་སུ་ངོམ་པའི་ལས་གནས་ཀྱི་མགོ་ཐོག་མར་འཛུགས།

            ཁོང་ནི་1976ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀན་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་བགོས། 1976ལོ་ནས་1982ལོའི་བར་དེ་གའི་དཔེ་སྐྲུན་ཁང་དུ་བོད་ཡིག་དཔེ་དེབ་ཀྱི་པར་ཞུས་དང་ཡིག་སྒྱུར། དཔེ་སྒྲིག་བཅས་ཀྱི་ལས་ལ་གཞོལ། 1978ལོ་ནས་1981ལོའི་བར་དུ་སྔ་ཕྱིར་ནུབ་བྱང་མི་རིགས་སློབ་གླིང་དུ་བོད་ཡིག་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་དང་བོད་ཡིག་ཞིབ་འཇུག་སློབ་མའི་དཔེ་ཁྲིད་བཅས་ལ་ཞུགས། ཁོང་གི་སྔ་མའི་དགེ་རྒན་དཔའ་རིས་སངས་རྒྱས་ལགས་དང་། དགེ་རྒན་ཆེན་མོ་དཀོན་མཆོག་ཚེ་བརྟན་དང་། ངག་དབང་ཆོས་དར། ལྷག་པར་དུ་མཁས་དབང་ཆེན་མོ་ཚེ་ཏན་ཞབས་དྲུང་སོགས་དགེ་རྒན་བཀའ་དྲིན་ཅན་མང་པོའི་དྲུང་དུ་བོད་ཀྱི་བརྡ་སྤྲོད་དང་རྩོམ་རིག ལོ་རྒྱུས། མངོན་བརྗོད། གྲུབ་མཐའ་སོགས་ཀྱི་སྐོར་ལ་སྦྱང་བ་མི་དམན་པ་བྱས། 1982ལོའི་ཟླ་9པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མའི་མི་རིགས་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་བོད་ཀྱི་ཡིག་རྙིང་ཆེད་གཉེར་འཛིན་གྲྭར་ཞུགས་ཤིང། སྔ་ཕྱིར་དགེ་རྒན་དོན་གྲུབ་རྒྱལ་མཆོག་གིས་གཙོས་པའི་བོད་ཀྱི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་། གདན་ཞུས་དགེ་རྒན་དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་དང། མཆོག་སྤྲུལ་ཐུབ་བསྟན་ཉི་མ། མཁས་དབང་མཁྱེན་རབ་འོད་གསལ་དང་སྐལ་བཟང་འགྱུར་མེད་སོགས་བོད་རིགས་དགེ་རྒན་རྣམས་དང་། དེ་མིན་རྒྱ་རིགས་དགེ་རྒན་ཆེན་མོ་བོད་མིང་དབང་རྒྱལ་དང་བསོད་ནམས་མཚོ། ཀུན་ཡུས་ཧྥང་སོགས་ཀྱི་ཞབས་པད་སྤྱི་བོར་བླངས་ཏེ་བོད་ཀྱི་སྐད་ཡིག་དང་རྩོམ་རིག ལོ་རྒྱུས། ཆོས་ལུགས་སྐོར་དང་། བོད་ཀྱི་བརྡ་རྙིང་ཡིག་ཆ་དང་རྒྱའི་གནའ་བོའི་སྐད་ཡིག་དང་དེང་རབས་ཀྱི་སྐད་བརྡ། མི་རིགས་དང་ཆོས་ལུགས་སྐོར་གྱི་རིགས་པའི་གཞུང་ལུགས་སོགས་

ལ་སློབ་གཉེར་དཔྱིས་ཕྱིན་པ་བྱས་པ་དེས་ཕྱིས་ཀྱི་རིག་གཞུང་ཞིབ་འཇུག་ཐད་རྨང་གཞི་བརྟན་པོ་ཞིག་ཚུགས།


ཕོ་ལན་སློབ་ཆེན་དུ་རིག་གཞུང་འཚམས་འདྲི་གནང་བཞིན་པ།

རིག་གནས་ཀྱི་རྩ་ཁམས་སུ་ཟུངས་ཁྲག་གསར་པའི་འཚོ་བཅུད་རྒྱུ་ཞིང་སླར་ཡང་རིག་པའི་གསོན་ཤུགས་ལ་ཚེ་སྲོག་གིས་འཕར་རྩ་བརྟས་པ།

          1984ལོར་སློབ་མཐར་ཕྱིན་རྗེས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ་ཕྱིར་ལོག་ནས་བོད་ཡིག་དཔེ་དེབ་ཀྱི་དཔེ་སྒྲིག་དང་ཞུ་དག་གི་ལས་ལ་མུ་མཐུད་དུ་གཞོལ། སྔ་ཕྱིར་《བཀའ་ཆེམས་ཀ་ཁོལ་མ།》དང་།《ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོའི་རྣམ་ཐར།》《གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར།》གླིང་གེ་སར་རྒྱལ་པོའི་སྒྲུང་ལས་《གྲུ་གུ་གོ་རྫོང་།》སོགས་དེབ་མང་པོ་དང།《ལེགས་སྦྱར་སྐད་དང་བོད་ཡིག་ཤན་སྦྱར་ཚིག་མཛོད།》སོགས་དཔེ་རིགས་དཀོན་པོ་སྐོར་ཞིག་གི་དཔེ་སྒྲིག་གི་འགན་དང་དུ་བླངས་ཤིང་། དེ་ལས་གོང་གི་དཔེ་དེབ་དེ་གཉིས་ལ་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་ཐོབ། 1986ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་རིག་གནས་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་སོགས་པུའུ་ཨུ་བཞི་ཡིས་གནང་བའི་གེ་སར་སྒྲུང་མྱུར་སྐྱོབ་དང་ལེགས་སྒྲིག་གི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ། 1987ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཛིན་གཞོན་པར་བསྐོས་པ་དང་ལོ་དེར་རྩོམ་སྒྲིག་པའི་གོ་མིང་ཐོབ།

ལྷག་བསམ་གྱི་སྐྱེད་ཚལ་ལས་བསྐྲུན་པའི་རྣམ་དཀར་རིག་པའི་འདབ་བརྒྱ་ཕྱོགས་བཅུར་བཞད་པའི་མཛད་རྗེས་གནམ་ས་བཀྲ་བ།

           1988ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་གཏོགས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དུ་ལས་གནས་སྤར་ཏེ་བོད་ཡིག་དཔེ་དེབ་དང་《བཀའ་བསྟན།》དཔེ་བསྡུར་མའི་དཔེ་སྐྲུན་གྱི་ལས་ལ་འཇུག་པའི་ཞོར་དུ། རང་ཉིད་ཀྱི་རྩོམ་སྒྲིག་གི་ཆུ་ཚད་དང་རིག་གནས་ཀྱི་ཆུ་ཚད་མི་དམན་པར་བརྟེན་ནས་དུས་ཡུན་ལོ་གཅིག་གི་ཡུན་ཙམ་ལ། ཡིག་འབྲུ་ཁྲི་བརྒྱ་ལྷག་ཡོད་པའི་བོད་ཀྱི་སྐར་རྩིས་སྨྲ་བའི་མཁས་དབང་བསམ་གྲུབ་རྒྱ་མཚོ་མཆོག་གི་གསུང་རྩོམ་《སྐར་རྩིས་ཀུན་འདུས་ནོར་བུ།》སྟོད་ཆ་དང་སྨད་ཆ་དེབ་གཉིས་ཀྱི་རྩོམ་སྒྲིག་གི་ལས་ཀ་ཡོངས་སུ་གྲུབ་ཅིང་། དཔེ་སྐྲུན་འགྲེམས་སྤེལ་བྱས་པས་བོད་ཀྱི་མཁས་དབང་དང་ཆེད་མཁས་པ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་མ་ཟད་བྱ་དགའ་ཡང་གང་མང་ཐོབ། 1990ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དང་བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཛིན་དུ་བསྐོས་པ་ནས་དུས་ཕྱིས་བར་དུ། ལོ་རེའི་བོད་ཡིག་དཔེ་དེབ་དཔེ་སྐྲུན་གྱི་འཆར་གཞི་འགོད་པ་དང་ལག་བསྟར་གྱི་གཙོ་འགན་ཁུར་བ་མ་ཟད། དཔེ་དེབ་གལ་ཆེན་གྱི་མ་ཡིག་ཞིབ་བཤེར་དང་རྩོམ་སྒྲིག་འགན་ཁུར་བའི་འགན་ཡང་ཁུར་ཡོད་ལ། སྐབས་ལ་ལར་《ཀྲུང་གོའི་བོད་རིག་པ།》དུས་དེབ་ཀྱི་མཐའ་མའི་ཞུ་དག་གི་བྱ་བའི་འགན་ཡང་ཁུར་མྱོང་། ཁོང་གིས་མགོ་ཁྲིད་དང་འབད་བརྩོན་གནང་འོག ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་《བཀའ་བསྟན།》(དཔེ་བསྡུར་མ)དཔེ་ཚོགས་དེབ་232ཅན་པར་སྐྲུན་སྔ་གཞུག་ཏུ་ལྷོ་ནུབ་འགྲེམས་སྤེལ་བྱས་པ་ལས་གཞན་ད་དུང་《གངས་ལྗོངས་ཤེས་རིག་གི་ཉིང་བཅུད།》དང་། 《དེང་རབས་མཁས་པའི་གསུང་རྩོམ་ཕྱོགས་བསྒྲིགས།》《མེས་པོའི་ཤུལ་བཞག། 》ཅེས་པ་དང་། 《ཁྱད་ནོར།》ཞེས་པའི་དཔེ་ཚོགས་སོགས་རིག་གཞུང་གི་རང་བཞིན་ཆེན་པོ་ལྡན་པའི་དཔེ་དེབ་སྐོར་ཞིག་ཇུས་འགོད་དང་དཔེ་སྐྲུན་པ་གནང་སྟེ་དཔེ་སྐྲུན་འགྲེམས་སྤེལ་བྱས་པར་བྱ་དགའ་ཐེངས་མང་ཐོབ་མྱོང་། ཁོང་གིས་རྩོམ་སྒྲིག་པའི་འགན་ཡང་ཁུར་བའི་《རྩོམ་རིག་སྤྱི་བཤད།》དང་། 《གེ་སར་དཔྱད་རྩོམ་ཕྱོགས་བསྒྲིགས།》《བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།》《སྡེ་དགེ་པར་ཁང་གི་དཀར་ཆག་ཆེན་མོ།》《བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་སྤྱི་བཤད།》《དུང་དཀར་ཚིག་མཛོད་ཆེན་མོ།》སོགས་དཔེ་དེབ་ལ་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཚད་མེད་ཐོབ་པ་མ་ཟད་བྱ་དགའ་ཡང་ཐེངས་མང་ཐོབ།


མཁས་དབང་ཐུབ་བསྟན་ཉི་མ་དང་མཉམ་དུ་ཡོད་པ།

 རྣམ་དཔྱོད་དང་རིག་རྩལ་གྱིས་བསྐྲུན་པའི་སྣང་བརྙན་ཕྱི་རབས་ན་གཞོན་གསར་པའི་བགོ་སྐལ་དུ་འཇོག་པའི་མཛད་རྗེས་བླ་ན་མེད་པར་མངོན་པ།

            1996ལོ་ནས་བཟུང་བྱ་བའི་དགོས་དབང་གིས་《བཀའ་བསྟན།》དཔེ་བསྡུར་ཁང་གི་རྒྱུན་ལས་དབུ་འཛིན་གཞོན་པའི་འགན་ད་ལྟའི་བར་དུ་ཁུར། རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཐད་ཀྱི་ཞིབ་འཇུག་རྣམ་གྲངས་གནད་ཆེན་ཏེ་《བཀའ་བསྟན་འགྱུར།》(དཔེ་བསྡུར་མ།)པར་སྐྲུན་འགྲེམ་སྤེལ་བྱས་པས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོས་གདེང་འཇོག་ཚད་མེད་གནང་བ་དང། 《བསྟན་འགྱུར།》ཁག་དང་པོར་1997ལོར་རྒྱལ་ཁབ་ཀྱི་དཔེ་དེབ་ཕྱོགས་ཀྱི་ཆེས་མཐོའི་བྱ་དགའ་སྟེ་སྐབས་གསུམ་པའི་རྒྱལ་ཁབ་ཀྱི་དཔེ་དེབ་བྱ་དགའ་ཐོབ། 1997ལོར་རྩོམ་ཞུས་གཞོན་པའི་ལས་ཐོབ་མནོས་པ་དང་། 2004ལོར་རྩོམ་ཞུས་ཆེན་མོའི་ལས་ཐོབ་མནོས། 1997ལོ་ནས་ད་ལྟའི་བར་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མིའི་འགན་བཞེས་པ་དང། 2006ལོ་ནས་བཟུང་ད་ལྟའི་བར་དུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་འཛིན་གྱི་འགན་བཞེས་ཡོད།

             མི་རིགས་གང་དང་གང་ཞིག་ཡིན་རུང་དེ་ལ་མི་རིགས་དེ་ཉིད་འཕེལ་རྒྱས་ཀྱི་བརྒྱུད་རིམ་གསལ་བའི་ལོ་རྒྱུས་ཤིག་ངེས་པར་དུ་ཡོད་ངེས་ཏེ། ང་ཚོ་རྗེས་རབས་པས་དེ་ལ་ཞིབ་འཇུག་དང་འཚོལ་སྙེག་བྱེད་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བར་འདོད། རྒྱལ་མོ་འབྲུག་པ་ལགས་ཀྱིས་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས་རང་ཉིད་བརྒྱུད་མྱོང་བའི་ལམ་ཁར་ལྗིད་ཏིག་ཏིག་གི་འབྲས་བུས་ཕྱུར་བུར་གཏམས་ཤིང་། བོད་རིག་པ་ཞིབ་འཇུག་དང་སྒོས་སུ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་དུ་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད། 1995ལོར་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།》ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེབ་འདི་ལ་1996ལོར་རྒྱལ་ཡོངས་བོད་ཡིག་ཀློག་དེབ་ཀྱི་བྱ་དགའ་ཨང་གསུམ་པ་དང་། སི་ཁྲོན་བོད་རིག་པའི་རིག་གཞུང་ཚོགས་པས་གནང་བའི་སི་ཁྲོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་གྲུབ་འབྲས་ཕུལ་བྱུང་ཅན་བཅས་ཀྱང་ཐོབ་མྱངས། དེབ་འདི་2004ལོར་པར་གཞི་ཐེངས་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། 2006ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བརྩམས་ཆོས་བྱ་དགའ་ཨང་གཉིས་པ་བཅས་ཀྱི་བྱ་དགའ་ཡང་ཐོབ་མྱངས་བས་མཚོན། ཁོང་གི་དེབ་དེ་ནི་སྔོན་རབས་ལོ་རྒྱུས་གཞན་དག་བསྐྱར་འབྲི་དང་ལད་ཟློས་བྱས་པ་ཙམ་མ་ཡིན་པར། ལོ་ཚིགས་དང་ལོ་རྒྱུས་ཀྱི་དོན་རྐྱེན་སྣ་ཚོགས་ལོ་རྒྱུས་ཡིག་ཆ་ཁུངས་བཙུན་དང་ལྷག་པར་དུ་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེ་སོགས་ལ་ཁུངས་གཏུགས་ཏེ་རང་བློས་གང་ལྕོགས་སུ་བརྟག་དཔྱད་བྱས་ཐོག བོད་ཡིག་ལོ་རྒྱུས་ནང་གནས་ཚུལ་མི་གསལ་བ་དང་བྱུང་བ་སྟོང་བའི་རིགས་རྣམས་ཡིག་རིགས་གཞན་དག་ལས་ཁ་སྐོང་དང་ཟུར་ལྟ་རུ་བཟུང་སྟེ་ཞིབ་རྒྱས་སུ་བྲིས་ཡོད་ལ། སྒོས་སུ་སྔ་རབས་སྐྱེ་བོ་མང་པོས་བོད་ཀྱི་ལོ་རྒྱུས་བོད་དབུས་གཙང་གི་རྒྱལ་བློན་དང་ཆོས་འབྱུང་ཁོ་ན་གཙོ་བོར་བཟུང་སྟེ་ཆོས་ལུགས་རྐྱང་རྐྱང་འབྲི་བའི་སྲོལ་ལས་བརྒལ་ཏེ། བོད་དང་འབྲེལ་འདྲིས་ཟབ་པའི་མི་རིགས་གཞན་དག་དང་བོད་ས་གནས་ཁག་གི་ལོ་རྒྱུས་ཀྱང་ཁ་གསབ་དང་ངོ་སྤྲོད་བྱས་ཡོད་པ་ནི་དཔེ་དེབ་འདིའི་དགེ་མཚན་ཞིག་ཏུ་འཁུམས་ཤིང་། རྩོམ་གཤིས་ཐད་ཕལ་སྐད་དང་བརྡ་ལོག་མ་འདྲེས་པར་བོད་ཐུན་མོང་གིས་བཀོལ་སྤྱོད་བྱེད་བཞིན་པའི་ཡིག་སྐད་ལྟར་བྲིས་ཡོད་པས། བོད་ཀྱི་ལོ་རྒྱུས་ལ་འཇུག་པའི་ལས་དང་པོ་བ་རྣམས་ལ་སྦྱང་བྱའི་ཟུར་ལྟར་འོས་ཤིང་འཚམ་པའི་ལོ་རྒྱུས་དཔེ་དེབ་བཟང་པོ་ཞིག་ཡིན་སྟབས། རྒྱ་ཆེའི་ཀློག་པ་པོ་དང་ནང་སྒོས་སུ་རང་རིགས་གསར་སློབ་པ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་ཞིང་། སྔ་གཞུག་ཏུ་ལྷོ་ནུབ་འགྲེམས་སྤེལ་བྱས་པ་ལས་གཞན་ད་དུང་མི་རིགས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་སྡེ་ཚན་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ལས་བྱེད་སློབ་གྲྭ་སོགས་ཀྱི་སློབ་དེབ་དང་ཁྲིད་གཞིར་བཟུང་བར་མ་ཟད་བོད་ཡིག་ཞིབ་འཇུག་སློབ་མའི་རྒྱུགས་གཞིར་ཡང་འདེམས་མྱངས། རྒྱ་ཆེའི་ཀློག་མཁན་རྣམས་དང་སྒོས་སུ་བོད་རིགས་གཞོན་ནུ་དག་གིས་དགའ་བསུ་དང་གཟེངས་བསྟོད་ཐོབ་ཡོད་པ་ཞིག་ཡིན་འདུག


རིག་གཞུང་གཏམ་བཤད་གནང་བཞིན་པ།

མི་རིགས་ལ་བཅངས་བའི་ལྷག་བསམ་གྱི་མཛད་རྗེས་ཟུངས་ཁྲག་གིས་བསྐྲུན་པའི་རིག་པའི་འོད་ཟེར་ལན་སྟོང་འཁྱིལ་བ།

             གཞན་ཡང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཕྱོགས་ཀྱི་དཔྱད་རྩོམ་གང་མང་ཞིག་ཀྱང་བོད་ཁམས་ཀྱི་རིག་གཞུང་དུས་དེབ་གཙོ་གྲས་རྣམས་སུ་བཀོད་ཡོད་དེ། 《ཁྲི་སྲོང་ལྡེ་བཙན་གྱི་མ་ཡུམ་སུ་ཡིན་ལ་དཔྱད་པ།》དང་།《རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ལ་དཔྱད་པ།》《བོད་ཀྱི་ལོ་རྒྱུས་སྟེང་གི་སུམ་པ་དང་སུམ་པའི་རྒྱལ་ཁམས་སྐོར་ལ་དཔྱད་པ།》 《བོད་ཀྱི་ལོ་རྒྱུས་སྟེང་གི་བེ་རི་དང་དང་བེ་རི་རྒྱལ་པོའི་སྐོར་ལ་དཔྱད་པ།》སོགས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་རིན་ཐང་ཅན་གྱི་དཔྱད་རྩོམ་གང་མང་ཞིག་《བོད་ལྗོངས་ ཞིབ་འཇུག》དང་《ཀྲུང་གོའི་བོད་ཀྱི་ཤེས་རིག》 《བོད་ལྗོངས་ཞིབ་འཇུག》 《སྦྲང་ཆར།》《ཟླ་ཟེར།》《གངས་ལྗོངས་ཉི་གཞོན།》《ཁ་བཏགས་དཀར་པོ།》《མཚོ་སྔོན་སློབ་གསོ།》《མཚོ་སྔོན་མང་ཚོགས་སྒྱུ་རྩལ།》《མི་རིགས་སྐད་ཡིག》《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ།》སོགས་སུ་བཀོད་པ་མ་ཟད། དེ་དག་ལས་དཔྱད་རྩོམ་སྐོར་ཞིག་《གེ་སར་དཔྱད་རྩོམ་ཕྱོགས་བསྒྲིགས།》དང་། 《བོད་རིག་པ་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས།》སོགས་སུ་བདམས་ཏེ་པར་སྐྲུན་འགྲེམ་སྤེལ་བྱས་ཡོད། ཁོང་གིས་བྲིས་པའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་དེ་དག་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་གསར་པ་ཞིག་གམ་གཞི་འཛིན་ས་ཞིག་ཏུ་གྱུར་ཡོད་ཅིང། རྒྱ་ཆེའི་ཀློག་མཁན་དང་མཁས་པ་རྣམས་ཀྱི་བསྟོད་བསྔགས་ཚད་མེད་གནང་བཞིན་ཡོད།

              ལོ་རྒྱུས་སྨྲ་བ་ཞིག་གི་ངོས་ནས་བརྗོད་ན། རྒྱལ་མོ་འབྲུག་པ་ལགས་ཀྱིས་ལོ་རྒྱུས་ཀྱི་བྱུང་བ་དངོས་ལ་གཞི་བཅོལ་ཏེ། བཙན་པོའི་སྐབས་ཀྱི་ལོ་རྒྱུས་དང་བོད་སིལ་བུའི་སྐབས་ཀྱི་ལོ་རྒྱུས། ས་སྐྱ་བའི་སྐབས་ཀྱི་ལོ་རྒྱུས། སངས་རྒྱས་ཀྱི་བསྟན་པ་དར་ནུབ་སོགས་རང་ལྟ་མཆོག་འཛིན་དང་ཚིག་ཚོགས་སོགས་ཀྱིས་མ་སྦགས་པར་ལོ་རྒྱུས་ཀྱི་བྱུང་བ་ཇི་མ་ཇི་བཞིན་དུ་ཁ་གསལ་དོན་འདུས་ཀྱི་སྒོ་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ངོ་སྤྲོད་བྱས་བོད་ལྗོངས་པར་ཀུན་གྱིས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་མྱངས། སྒོས་སུ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཐད་དུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་མཁས་ཆེན་ཚོས་ཁས་ལེན་དང་གདེང་འཇོག་མཐོན་པོ་གནང་ཡོད། གཞན་ཡང་ཁོང་གིས་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་དེ་དག་འཛམ་གླིང་གི་རིག་གཞུང་ཞིབ་འཇུག་ཚོགས་འདུ་ཆེ་ཆུང་གང་མང་དུ་སྒྲོག་སྤེལ་བྱས་ཏེ། རྒྱལ་སྤྱི་དང་ཡང་ན་འཛམ་གླིང་གི་མིའི་རིགས་ལ་བོད་ཀྱི་རིག་གནས་དང་ལོ་རྒྱུས་མཚམས་སྦྱོར་གང་ལེགས་བྱས་ཡོད་དེ། 1998ལོར་ཨ་རིའི་དབྱིན་ཏེ་ཨན་ན་སློབ་གྲྭ་ཆེན་མོར་སྤེལ་བའི་སྐབས་བརྒྱད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དུ་ཕེབས་ཏེ་རང་ཉིད་ཀྱིས་བྲས་པའི་དཔྱད་རྩོམ་སྒྲོག་སྦྱང་བྱས། 2000ལོར་ཧོ་ལན་ལའེ་ཏུན་དུ་སྤེལ་བའི་སྐབས་དགུ་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དུ་ཕེབས་ཏེ་ཚོགས་ཆེན་ལ་རང་ཉིད་ཀྱི་དཔྱད་རྩོམ་སྤྲད། 2001ལོར་ཨ་རིའི་ཆི་ཁ་གྷོོ་ནས་སྤེལ་བའི་རྒྱལ་སྤྱིའི་དཔེ་དེབ་བཤམས་སྟོན་ཚོགས་ཆེན་ལ་ཞུགས་ཏེ་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བྱེད་མཁན་ལ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་གནས་ཚུལ་མཚམས་སྦྱོར་བྱས་པའི་ཞོར་དུ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་འགྲེམས་སྟོན་བྱས་པས་རྒྱལ་ཕྱིའི་བོད་རིག་པ་མཁས་ཆེན་དང་རིག་གཞུང་བརྗེ་རེས་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན། 2003ལོར་པེ་ཅིང་དུ་བསྡུས་པའི་སྐབས་བདུན་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་བྱུང་འཕེལ་གྱི་ལོ་རྒྱུས་ཏེ་བོད་རིགས་ཀྱི་ཚན་རྩལ་བྱུ་འཕེལ་ལོ་རྒྱུས་ཀྱི་རྒྱལ་སྤྱིའི་ཚོགས་འདུར་ཞུགས་ཏེ་རང་ཉིད་ཀྱིས་བྲིས་པའི་དཔྱད་རྩོམ་ཚོགས་ཆེན་ལ་སྤྲད་པ་མ་ཟད། རྒྱལ་ནང་དུ་པེ་ཅིན་བོད་རིག་པའི་བགྲོ་གླེང་ཚོགས་འདུར་སྔ་ཕྱིར་ཐེངས་ལྔ་དང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཡང་ཐེངས་མང་པོ་ཞུགས་མྱངས།

           བོད་རིག་པ་ཞིབ་འཇུག་གི་ཡོ་ལང་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་རྒྱས་པའི་དུས་སྐབས་འདིར། རྒྱལ་མོ་འབྲུག་པ་ལགས་ཀྱིས་ཀྱང་རང་གི་ཤེས་རབ་ཀྱི་རྩལ་དང་། མི་རིགས་ལ་བཅངས་པའི་བརྩེ་ཞེན་རྣལ་མས་བསྐུལ་བ་ལ་བརྟེན་ནས། བོད་རིག་པ་ཞིབ་འཇུག་གི་ཐད་དུ་གྲུབ་འབྲས་བརྗོད་ཀྱིས་མི་ལང་བ་བླངས་ཡོད་པ་དེར། ང་ཚོས་རྗེས་སུ་ཡི་རངས་དང་བསྟོད་པའི་མེ་ཏོག་ཅིས་ཀྱང་གཏོར་འོས་ཤིང་། ཁོང་གིས་ད་དུང་བོད་རིག་པ་ཞིབ་འཇུག་གི་བརྩོན་པའི་གོམ་ཁ་མ་ལྷོད་པར་སྔར་མུས་བཞིན་ཞིབ་འཇུག་གི་ལས་ལ་བྲེལ་སྟབས་ཀྱིས་འཇུག་བཞིན་ཡོད་པས། ཁོང་གི་ཞིབ་འཇུག་གི་ལམ་བུ་ཇེ་ཆེར་ཕྱིན་ནས་ཞིབ་འཇུག་གི་འབྲས་བཟང་ཡང་བསྐྱར་བསུས་ཡོང་བར་ང་ཚོ་ཡིད་ཆེས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1