༄༅།།བློ་བཟང་དཔལ་ལྡན།

སྐལ་བཟང་འཚོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-08


 

སྐྱེ་རྒྭའི་རྨོངས་མུན་མཐའ་ནས་བསལ་བའི་དུས་ཀྱི་སྒྲོན་མེ།

------དགེ་བའི་བཤེས་གཉེན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན།

  སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ནི་1938ལོའི་ཟླ་1པོའི་ཚེས་15ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་པའི་ཡུལ་དུ་སྐུ་འཁྲུངས། ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོས་སྒྲིབ་བྲལ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་བསེ་སྐུ་ཕྲེང་ལྔ་པ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད་ཅིང་། དགུང་ལོ་བཞི་པར་ཀན་ལྷོ་ཁུལ་བསང་ཆུ་རྫོང་གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་གི་གདན་སར་བཀོད། 1979ལོར་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭའི་དགེ་རྒན་དུ་གདན་དྲངས། རིག་གནས་གསར་བརྗེ་ཡི་གོད་ཆག་ཆེན་པོས་མི་རིགས་སློབ་གསོ་ཉམས་དམས་པར་བྱས་པའི་སྐབས་དེར་ད་དུང་ཉམས་པ་སོར་ཆུད་བྱུང་མེད་སྟབས། ཀན་ལྷོ་ཁུལ་མི་རིགས་སློབ་གྲྭས་བསྡུས་པའི་སློབ་མའི་རིག་གནས་ཀྱི་ཆུ་ཚད་ཞན་ཞིང་དོ་མཉམ་མིན་པས། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་ཁྲིད་དེབ་གཉིས་གྲ་སྒྲིག་མཛད་དེ་རིམ་པ་མི་འདྲ་བའི་སློབ་ཁྲིད་གནང་། མཚན་མོར་ད་དུང་རྗེས་སྣོན་སློབ་མར་གསབ་ཁྲིད་གནང་བ་དང་ལས་བྱའང་སློབ་མའི་སྔོན་ནས་གཟིགས་མཆན་གནང་རྒྱུ་རྒྱུན་འཁྱོངས་མཛད་པས། སློབ་མ་དེ་དག་མཐར་ཕྱིན་པའི་དུས་སུ་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་ལ། ད་དུང་དགེ་སློབ་རྣམས་ལ་སྙན་ངག་གི་སློབ་ཁྲིད་གནང་བ་དང་འབྲེལ་《ཚངས་སྲས་བཞད་པའི་སྒྲ་དབྱངས།》ལྗགས་རྩོམ་གནང་། 1985ལོར།  ཀན་ལྷོའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་ཆེད།  རྒྱལ་ཁབ་སློབ་གསོ་པུའུ་དང་ཞིང་ཆེན་ཏང་ཨུ།  ཞིང་ཆེན་སྲིད་གཞུང་གིས་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭ་འཛུགས་པར་ཆོག་མཆན་གནང་བ་དང།    སློབ་གསོ་སྡེ་ཁག་གི་གདན་ཞུ་ལྟར་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་དངོས་སུ་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭར་ཞབས་པད་བཀོད་དེ་ལས་གནས་སྤོས་ཤིང་སློབ་གྲྭ་འཛུགས་པའི་གྲ་སྒྲིག་བྱ་བའི་ཁྲོད་ཞུགས་ནས་ཕྱག་ལས་གནང་འགོ་བརྩམས། སློབ་གྲྭ་འཛུགས་སྐྲུན་བྱེད་པའི་མ་དངུལ་དོན་འཁྱོལ་བྱ་ཆེད། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་སློབ་གྲྭའི་འགོ་ཁྲིད་གཞན་དག་དང་ལྷན་དུ་དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་གདུང་ལ་མ་འཛེམས་པར་ལན་གྲུ་དང་པེ་ཅིང་དུ་ཕེབས་ནས་སློབ་སྒྲུབ་མཐུན་རྐྱེན་གྱི་ཆེད་དུ་ངལ་བ་གང་མང་བཞེས་པས།  ལས་གཞི་སོ་སོའི་མ་དངུལ་སྔ་ཕྱིར་དམིགས་སར་འབྱོར་ནས། ཉི་འོད་ནུས་པའི་དྲོད་བསྡུ་ཐོག་ཁང་གི་འཛུགས་སྐྲུན་གྲུབ་པ་དང་།   དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ཉོས་པ་དང་། དེ་ནས་རྐང་རྩེད་སྤོ་ལོའི་ར་བ་དང་དཔེ་མཛོད་ཁང་། སློབ་ཁྲིད་ཐོག་ཁང་། སློབ་མའི་སྡོད་ཤག ཚོད་ལྟའི་ཐོག་ཁང་བཅས་བསྟུད་མར་འཛུགས་སྐྲུན་གྲུབ་ཅིང་། མི་རིགས་སློབ་གསོ་དང་ཁྱད་པར་དུ་བོད་རིགས་སློབ་གསོའི་ལས་དོན་ཐད་ཐུགས་སྟོབས་ཆེར་བསྐྱེད་པས་ཀན་ལྷོའི་སློབ་གསོ་དང་འཛུགས་སྐྲུན་ལས་དོན་ལ་མཛད་རྗེས་རྨད་དུ་བྱུང་བ་གནང་། 1987ལོར་ཀུན་གཟིགས་པཎ་ཆེན་མཆོག་གི་བཀའ་ལྟར་པེ་ཅིང་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གསར་འཛུགས་གནང་བའི་གྲ་སྒྲིག་ཚོ་ཆུང་གི་གྲས་སུ་སློབ་དེབ་གསར་སྒྲིག་གི་ཕྱག་ལས་གནང་བར་ཕེབས།    སྐབས་དེར་པཎ་ཆེན་རིན་པོ་ཆེས་ཁོང་ལ་ནང་བསྟན་སློབ་གྲྭ་འདི་གསར་དུ་འཛུགས་པ་ལ་སློབ་གསོའི་བྱ་བར་ཉམས་མྱོང་ཡོད་པའི་འགོ་ཁྲིད་ཅིག་དགོས། ཡིན་ན་ཡང་ད་ལྟའི་བླ་སྤྲུལ་གྱི་ནང་ན་དེའི་ཉམས་མྱོང་ཅན་དཀོན་ཞིང་། ལྷ་ས་ན་རྒན་པ་འགའ་རེ་བཞུགས་ཀྱང་དགུང་ལོ་བགྲེས་པས་པེ་ཅིང་ལ་ཕེབས་མི་ཐུབ། ཁྱེད་སློབ་གསོའི་སྡེ་ཁག་གི་རྣམ་པ་ཚོར་ཉམས་མྱོང་ཡོད། པེ་ཅིང་ལ་ཕེབས་ནས་ནང་བསྟན་སློབ་གླིང་གི་འགན་འཁུར་དགོས་ཞེས་བཀའ་གསུང་ཕབ་པ་ལ། ཁོང་གིས་ཀན་ལྷོའི་བོད་རིགས་སློབ་གསོར་ཉམས་ཉེས་འབྱུང་དོགས་ཀྱིས་དགོངས་པ་ཞུས། གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭའི་ལོ་20ལྷག་གི་བྱ་བའི་ཁྲོད་དུ། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་སྔ་གཞུག་ཏུ་བོད་ཡིག་སྡེ་ཁག་གི་ཀྲུའུ་རེན་དང་བོད་རིག་པ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། སློབ་གཙོ་གཞོན་པ་བཅས་ཀྱི་ལས་འགན་བཞེས་ཤིང་།བོད་རྒྱ་ཡིག་རིགས་གཉིས་ཀྱི་སློབ་ཁྲིད་ཕྱོགས་སུ་དགོངས་འཆར་མང་པོ་བཏོན་པ་མ་ཟད།  ཁོང་གིས་རྩོམ་འབྲིའི་གཙོ་འགན་བཞེས་པའི་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭའི་བོད་ཡིག་ཆེད་སྦྱོང་སློབ་ཚན་གྱི་སློབ་ཁྲིད་རྩ་གནད་བཅུ་ལ་1999ལོའི་ཟླ་10པར་ཞིང་ཆེན་སློབ་གསོའི་སློབ་ཁྲིད་འབྲས་བུའི་ཕུལ་བྱུང་བྱ་དགའ་ཐོབ། གཞན་ད་དུང་གྲངས་ཉུང་མི་རིགས་ཀྱི་དབུལ་ཕོངས་སློབ་མ་དང་དྭ་ཕྲུག་ལ་རོགས་སྐྱོར་མཛད་ཆེད།  ཡིད་ཆེས་རེ་བའི་བརྩེ་སེམས་ཚོགས་པའི་ཁོངས་མི་དང་ལྷན་དུ་སྔ་རྗེས་སུ་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭ་རུ། ཞང་ཀང་བསེ་ཚང་སློབ་སྐྱོར་མ་དངུལ་དང་ཆེས་བྲིན་བསེ་ཚང་སློབ་སྐྱོར་མ་དངུལ།  ཏ་མིང་ ( 大明 )བསེ་ཚང་བུ་མོའི་སློབ་སྐྱོར་མ་དངུལ་དང་པའེ་ལི་ཀྲིང་མའོ་ ( 百利正茂 )བསེ་ཚང་སློབ་སྐྱོར་མ་དངུལ་སོགས་སློབ་སྐྱོར་མ་དངུལ་གྱི་ཐེབས་རྩ་རབ་དང་རིམ་པ་བཙུགས།    ལོ་རེར་རོགས་སྐྱོར་མཛད་པའི་སློབ་མའི་ཁ་གྲངས་980ལས་བརྒལ་བ་དང་ལོ་རེའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་20ལ་སླེབས་པས། སློབ་གྲྭ་དེའི་དབུལ་ཕོངས་སློབ་མའི་སློབ་སྦྱོང་གི་ཆ་རྐྱེན་དང་འཚོ་བའི་སྤུས་ཀ་ཇེ་མཐོར་བཏང་ཞིང་། གྲངས་ཉུང་མི་རིགས་ཀྱི་སློབ་མ་འབོར་ཆེན་ཞིག་བདེ་བླག་ངང་སློབ་མཐར་ཕྱིན་པར་རོགས་རམ་མཛད། 

  1980ལོ་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་ལམ་ཕྱོགས་ཡང་དག་པའི་འོད་སྣང་ལ་བརྟེན་ནས་ཡུལ་དུས་ཀྱི་དགོས་པ་ལྟར།《ཚངས་སྲས་བཞད་པའི་སྒྲ་དབྱངས།》དང་《དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན།》《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན》 《 སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་རྣམ་ཐར།》《དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》《  མགར་རྩེ་དགོན་པའི་གདན་རབས་དང་འཇམ་དབྱངས་མཐོང་གྲོལ་ཆེན་མོའི་དཀར་ཆག 》 《 རེབ་གོང་སྐྱབས་མགོན་བདུན་པའི་རྟོགས་བརྗོད། 》《གཏེར་ལུང་དགོན་པའི་བཅའ་ཡིག》སོགས་ཕྱག་རྩོམ་གང་མང་རིམ་བཞིན་མཛད། དེ་དག་ལས་《ཚངས་སྲས་བཞད་པའི་སྒྲ་དབྱངས།》 ལ་1986ལོ་དང་1987ལོར་སྔ་རྗེས་སུ་སྐབས་བཞི་པའི་བྱང་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅོ་ལྔའི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ་དང་། ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་སྐོར་གྱི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ །ཀན་སུའུ་ཞིང་ཆེན་སློབ་གྲྭ་ཆེན་མོའི་ཁྱད་འཕགས་བསླབ་དེབ་ཀྱི་བྱ་དགའ་ཐོབ། 

  2001ལོའི་ཟླ་བ་4པར་སྤྱི་ཚོགས་ལས་རིགས་ཁག་གི་དཔྱོད་ལྡན་མཁས་པ་རྣམས་ཀྱིས་གྲོས་འདེབས་དང་རེ་འདུན་ཡང་ཡང་ཞུས་འོག གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭའི་ཚན་ཞིབ་ཁྲུའུ་ཡི་འགན་ཁུར་ཏེ། ཁོང་གི་སྐད་བརྡ་རིག་པ་དང་བརྡ་སྤྲོད། ཚིག་རྒྱན། སྡེབ་སྦྱོར། སྒྲ་རིག་པ། ནང་བསྟན་བྱུང་རབས། རྩོམ་རིག་ལོ་རྒྱུས་སོགས་རིག་གཞུང་ཁྱབ་ཁོངས་སོ་སོའི་གསུང་རྩོམ་ཡིག་འབྲུ་ཁྲི300ལྷག་གི་ 《བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ།》པོད་བདུན་གྱི་བདག་ཉིད་ཅན་རྩོམ་སྒྲིག་མཛད་ཅིང་།   པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་འགྲེམས་སྤེལ་བྱས། 

  1986ལོ་ནས་བཟུང་། སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་གདན་ཞུས་སློབ་དཔོན་ཆེན་མོའི་འགན་བཞེས་ཤིང་། བོད་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་རབ་དང་རིམ་པ་སྐྱེད་སྲིང་མཛད། 1991ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་རྒྱལ་ཁབ་ལ་མཛད་རྗེས་འབུར་ཐོན་བཞག་པའི་བྱ་དགའ་ཐོབ་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལེན་པའི་སློབ་གསོའི་ཆེད་ལས་པར་བདམས། 1995ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གླིང་བོད་ཡིག་སྡེ་ཁག་གི་རབ་འབྱམས་པའི་དམ་བཅའི་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་གདན་དྲངས་ཤིང་འགན་བཞེས་པར་མ་ཟད། 1999ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཆེད་གཉེར་གྱི་རབ་འབྱམས་སློབ་མའི་སློབ་དཔོན་གྱི་འགན་བཞེས་ཤིང་།    2001ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཡིག་ཆེད་སྦྱོང་གི་འབུམ་རམས་སློབ་མའི་སློབ་དཔོན་ཆེན་མོ་དང་།    ནུབ་བྱང་དགེ་འོས་སློབ་གྲྭ་ཆེན་མོའི་རབ་འབྱམས་སློབ་མའི་སློབ་དཔོན་ཆེན་མོ་ལ་གདན་དྲངས་ཤིང་འགན་བཞེས། 

  སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་འཁྲི་བ་ལྷུར་བཞེས་ཀྱིས་སྣོད་ལྡན་དོན་གཉེར་ཅན་གྱི་བུ་སློབ་སྟོང་ཕྲག་དུ་མར་རིག་གནས་ཀྱི་གྲུ་ཆར་དགོས་འདོད་དུ་སྩོལ་བ་དང་མཉམ་དུ་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་།   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ།    ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་མི་ཉུང་བ་གཅིག་ལྕོགས་སུ་ལྷུར་བཞེས་མཛད།  ལོ་ངོ་དུ་མའི་རིང་ལ།    ཁོང་གིས་སློབ་ཁྲིད་མཛད་པ་དང་ཡང་ན་ཞིང་ཆེན་དང་ཁུལ་དུ་ཚོགས་ཆེན་ལ་ཞུགས་པ།    རོང་འབྲོག་ཁུལ་དུ་གཟིགས་ཞིབ་མཛད་སྐབས་སུ་དགེ་སློབ་དང་ལས་བྱེད་པ།    རིགས་སོ་སོའི་རྒྱ་ཆེའི་སྐྱ་སེར་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཐད་ཀྱི་སློབ་གསོ་མཛད། ས་གནས་གང་དུ་ཕེབས་ཀྱང་ཁོང་གིས་མི་རིགས་སློབ་གསོ་གོང་དུ་སྤེལ་བ་དང་།  སྤྱི་དམངས་ཀྱི་བསམ་བློ་དང་རིག་གནས། ཚན་རྩལ་གྱི་བྱང་ཚད་ཇེ་མཐོར་གཏོང་རྒྱུ་དེ་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་ནན་ཏན་བྱེད་པ་དང་། མི་རིགས་སློབ་གསོའི་ལས་དོན་གོང་འཕེལ་སོགས་ཀྱི་ཐད་མཛད་རྗེས་རྨད་དུ་བྱུང་བ་བཞག་ཡོད་པའོ།། 

                                                                                                                    2015ལོའི་《ཁ་བཏགས་དཀར་པོ།》དེབ་གསུམ་པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1