༄༅།། ཆར་བ་ཁོ་ན་ལས་ཅི་ཡང་མེད་པའི་མཚན་མོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-08


  ང་ཚོ་ལ་ཅི་ཡང་མེད། མཚན་མོ་དེར། ཤག་ཤག་གི་སྒྲ་ལས་ཅི་ཡང་མེད། ཕྱི་རོལ་གྱི་ཉི་ཟླ་དང་སྐར་མའི་ཚོམ་བུ། ཐ་ན་རླུང་བུའི་སྒྲ་ཡང་ཐོས་མ་བྱུང་། སྒྲོན་འོག་གི་སྦྲང་ཚོགས་ཀྱང་མེད་པའི་དབྱར་ལྗོངས་འདིར། ཤག་ཤག་གི་སྐད་སྒྲ་ཆེ་བའི་ཆར་བ་འདི་ལས་གཞན་ཅི་ཡང་མེད། ཅི་ཡང་མེད་པའི་ང་ལ་སུ་ཞིག་གིས་སེམས་ཁུར་བྱེད། ཆར་བ་ཁོ་ན་ངའི་ཆེད་དུ་འབབ་པ་དང་མཚུངས། མི་ཚོས་སྒེའུ་ཁུང་ཕྱི་རོལ་གྱི་ཤག་སྒྲ་ཡང་ཚོར་གྱི་མི་འདུག ལག་ཏུ་ཁ་པར་ཐོགས་བཞིན་མགོ་བོ་དགྱེ་ཙམ་ཡང་མི་བྱེད། ཁོ་ཚོ་ཁ་པར་ནང་དུ་འཛུལ་ཚར་འདུག ང་གཅིག་པོས་ཡིད་དབང་འཕྲོག་པའི་ཤག་སྒྲ་འདིར་ཉན། ཤག་སྒྲ་འདི་ལས་གཞན་ང་ལ་ཅི་ཡང་མེད་པ་འདྲ། ཅི་ཡང་མེད་པས། སྒེའུ་ཁུང་ཕྱི་རོལ་གྱི་གསང་བ་ལ་ལྐོག་ནས་ཉན་ཞིབ་བྱེད་པ་དང་མཚུངས། ཕྱི་རོལ་གྱི་ཤག་སྒྲ་དེ་ད་གཟོད་མཛེས་སྡུག་གི་བསླུ་བྲིད་ཅིག་ཡིན་སྲིད། མཚན་མོ་དེར། ཅི་ཡང་མེད།

  བུ་མོ་ཞིག་གི་དུངས་སྣང་གི་སེམས་གསོ་ཡང་སྐུད་ལམ་ནས་བོར་ཟིན། ཅི་ཡང་མེད་པའི་རྒྱུ་མཚན་གྱིས་ཅི་ཡང་མ་ཡིན་པའི་ཤག་སྒྲ་སྤྱིར་བཏང་བ་དེ་ཡང་རྣ་ལམ་དུ་ཡང་ཡང་འཁོར།

  ཁ་སང་གི་ཕྱི་དྲན་ཁྲོད། ཅི་ཡང་མེད་ཀྱང་ཅི་ཡང་འཛིན་ཐབས་བྲལ་རུང་། སྨྱོན་སྤྱོད་དང་མཚུངས་པའི་འཁྲེང་བའི་སེམས་པ་དེ་མཐའ་རུ་སྤྱུགས་པར་དཀའ། ཕྱི་རོལ་ལ་ཤག་ཤག་ཤག དཀར་གསལ་ལེའི་ཟླ་འོད་ཀྱང་མ་མཐོང་ནས་ཡུན་རིང་འགོར། མག་མོག་རབ་རིབ་ཀྱི་ཁོར་ཡུག་ཀུན། སྒེའུ་ཁུང་ཁོ་ནར་དབང་བའི་འཇིགས་སྣང་གི་ལྟད་མོ་ཞིག ཅི་ཡང་མེད་པའི་མཚན་མོར། ཆར་བའི་ཤག་སྒྲ་ནི་ཡོད་ཆོག་པའི་སེམས་གསོའམ་ཐག་རིང་གི་མཛའ་མོ། ད་དུང་རེ་སྒུག་གམ། ཤ་རུས་མཐུན་པའི་འཁྱམ་པོའམ། ཅི་ཡང་མེད་པའི་དུས་དེར། ཁྱོད་ཅི་ཡང་ཡིན་ཆོག

  ངས་སྒེའུ་ཁུང་ལས་ལྐོག་ཉན་བྱེད་པ་བདེན། ཕྱིར་ལོག་ནས་ཅི་ཡང་མེད་པའི་མཚན་མོར།  ཤག་སྒྲའི་སྐོར་བརྗོད་པའང་ལྷག་ཏུ་བདེན། ཅི་ཡང་མེད་པའི་མཚན་མོ་དེར། ཆར་བ་ཤག་ཤག་ཏུ་བབ་པའི་སྐོར་ཉིན་ཐོ་རུ་འགོད་པ་ལས། ཅི་ཡང་མེད་པའི་ཐོག་ཁང་འདི་ནས་ཅི་ཞིག་ཤོར་སོང་བའི་སྐོར་དེ་སུ་ལའང་བརྗོད་མེད། ང་ལ་ཅི་ཡང་མེད་ན་བརྩམས་སྒྲུང་གི་བརྗོད་བྱར་འོས་པའི་མི་སྣ་ཞིག་ཅི་ལྟར་རྟོག་བཟོ་བྱེད། མཚན་མོ་དེར། ངས་སྙིང་སྡུག་གི་ཐ་སྙད་དག་ཨུ་ཚུགས་ཀྱིས་སྒྲིག་དུས། སླར་ཡང་སྒེའུ་ཁུང་ཕྱི་རོལ་གྱི་ཤག་སྒྲ་དེའི་སེམས་གསོས་ང་ཡོངས་སུ་ར་རོར་བཏང་ཚར། མཚན་མོ་དེར། ཆར་བ་ཁོ་ན་ལས་ང་ལ་ཅི་ཡང་མེད། ། 

                                                                                              2015ལོའི་《ཁ་བཏགས་དཀར་པོ།》དེབ་2པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1