༄༅།། བྲིས་པ་གྲགས་ཅན་མི་ཕམ་རྣམ་རྒྱལ་གྱི་བརྩམས་ཆོས་བདམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10


  

  འབྲུག་པ་མི་ཕམ་རྣམ་རྒྱལ་ནི་ཕྱི་ལོ་1966ལོའི་ཕྱི་ཟླ་3པའི་ཚེས་3ཉིན་མདོ་ཁམས་ནང་ཆེན་ཀ་གཞུང་གོང་པ་ཚང་དུ་སྐུ་འཁྲུངས། དགུང་གྲངས་14ནས་ཀ་བཀྲ་ཤིས་དགོན་གྱི་ཆོས་གྲྭར་ཞུགས་ཏེ་བོད་ཀྱི་རིག་གནས་རྨང་གཞི་དང་། ཆོ་ག་ཆོས་སྤྱོད། གཏོར་བཟོ་དཀར་རྒྱན། ཐིག་རྡུལ་མཚོན་སོགས་ལ་སྦྱངས། ཁྱད་པར་དུ་མཆོག་སྤྲུལ་པད་མ་འགྱུར་མེད་དང་། གོང་པ་དགེ་གྲགས། རྒན་བརྩོན་འགྲུས་ཆོས་འཕེལ་སོགས་ཀྱི་མདུན་ནས་ཁམས་བྲིས་དང་། ལཉྫ། ཝརྟུ་སོགས་ལ་སྦྱངས་སྐབས། ཁོང་གི་རྣམ་རིག་དང་སྦྱང་འབྲས་ལ་དགེ་རྒན་རྣམས་ཀྱིས་བསྔགས་པའི་མེ་ཏོག་གཏོར།

  དེ་རྗེས་འབྲི་གུང་བཀའ་བརྒྱུད་རྡོ་རྗེ་དབྱིངས་གཙུག་ལག་སློབ་གཉེར་ཁང་དུ་ནང་ཆོས་དང་། ཚན་རིག སྐད་ཡིག་སོགས་ལ་སྦྱངས། ད་དུང་༧འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་མཆོག་དང་། ༧སྟག་ལུང་ཞབས་དྲུང་རིན་པོ་ཆེ། ༧སྐྱབས་རྗེ་ཨ་ལྡེའུ་རིན་པོ་ཆེ། ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ། གྲུབ་དབང་སེང་གྲགས་རིན་པོ་ཆེ། མཁན་ཆེན་རྟོགས་གྲོལ། སྒྲུབ་དཔོན་བླ་མ་འབྱོར་འཕེལ་སོགས་རིས་མེད་མཚན་ལྡན་གྱི་སྐྱེས་ཆེན་དུ་མའི་ཞབས་སུ་གཏུགས་ཏེ་དབང་ཁྲིད་གདམས་ཟབ་དུ་མ་ཐོབ་རྗེས་དབེན་ཁྲོད་དུ་ལོ་བཞི་ལྷག་སྒྲུབ་ལ་གཞོལ། 

  དེ་ནས་2000 ལོ་ནས་བཟུང་འཛམ་གླིང་གི་ཡུལ་གང་སར་ནང་ཆོས་དང་། ཐུན་མིན་བོད་ཀྱི་རིག་གནས་དང་སྒྱུ་རྩལ་སོགས་ངོ་སྤྲོད་དང་འཆད་སྤེལ་བགྱིས་པས་མཁས་དབང་གི་སྙན་པ་ཐོབ། དད་ལྡན་རྣམས་ནས་ཕུལ་བ་དང་། གང་ཉིད་ཀྱི་ཡི་གེ་དང་རི་མོའི་སྒྱུ་རྩལ་སོགས་ལས་ཐོབ་པའི་དངོས་རྫས་མཐའ་དག་ལུགས་གཉིས་སྤྱི་ཚོགས་ལ་སྨིན་པའི་ཐུགས་བསྐྱེད་ཀྱིས་དོན་ལྡན་དུ་མཛད་པ་ནི། སྐྱེ་རྒུ་བོད་རིགས་རང་སྐྱོང་ཁུལ་དུ་2007 ལོར་ནོར་གླིང་དཔེ་མཛོད་ཁང་གསར་བཞེངས་ལེགས་གྲུབ་དང་། གངས་ལྗོངས་ཚིག་མཛོད་ཆེན་མོ་གསར་སྒྲིག་གི་འགྲོ་གྲོན། 2009ལོར་༧དཔལ་འབྲུག་པའི་གདན་ས་ཆེན་མོ་བདེ་ཆེན་ཆོས་འཁོར་གྱི་སྒྲུབ་སྡེ་ཉམས་གསོ་གསར་བཞེངས། 2010ལོ་ནས་2011ལོའི་བར། ཝཾ་ལུང་མདོ་སྔགས་ཆོས་འཁོར་གླིང་གི་གཙུག་ལག་ཁང་དང་། དགེ་འདུན་རྣམས་ཀྱི་བཞུགས་ཤག་སོགས་རྟེན་དང་བརྟེན་པ་གསར་བཞེངས་ལེགས་གྲུབ་མཛད་ཅིང་། སྐུ་ཉིད་རྒྱུན་དུ་སྒྱུ་རྩལ་རིགས་མཐའ་དག་ལ་དགའ་མོས་ཆེ་བ་དང་། ཁྱད་པར་ཡིག་གཟུགས་སྣ་མང་ལ་བྱང་ཆུབ་པ་མ་ཟད། ཁོང་གིས་གསར་གཏོད་ཀྱི་སྒྱུ་རྩལ་ལ་རྒྱལ་ཕྱི་ནང་གི་མཁས་དབང་མང་པོས་དགའ་བསུ་དང་ཉར་ཚགས་བྱས་ཡོད།

  ད་ཆར་ཐུན་མིན་བོད་ཀྱི་ཡིག་གཟུགས་སོགས་སྒྱུ་རྩལ་མི་ཉམས་གོང་འཕེལ་གཏོང་བའི་ཕྱིར། འཛམ་གླིང་གི་ཡུལ་གྲུ་གང་སར་སྒྱུ་རྩལ་འགྲེམ་སྟོན་དང་ངོ་སྤྲོད་སོགས་ཀྱི་ཕྱག་ལས་གནང་དང་གནང་བཞིན་ཡོད། ། 

                                                    མི་ཕམ་རྣམ་རྒྱལ་གྱིས་པར་མཁོ་འདོན་བྱས། 


                                                                                                       2015ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1