༄༅། དེང་རབས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གི་ལྟ་ཚུལ།

དབང་ཆེན། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-19



དེང་རབས་རིག་གནས་ཀྱི་འཚོ་བ་ལ་དགྱེས་པར་རོལ་བའི་རྩོམ་པ་པོ་ནམ་མཁའིརྒྱུ་སྐར་ལྟར་བགྲང་གིས་མི་ལངས་བའི། དུས་རབས་གསར་པའི་མི་རིགས་རིག་གནས་རྒྱུད་འཛིན་དང་། འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་ལེགས་སུ་ཕྱིན་པའི་འབྲས་བུ་གཡུར་དུ་ཟ་བའི་རྒྱན་ཚིག་གི་ལམ་ནས་དྲངས་བའི་རྩོམ་ཡིག་ཕྱོགས་ཀྱི་ཐ་གྲུ་ཀུན་ལ་ས་ཁྱབ་རྡོ་ཁྱབ་དུ་གྱུར་དང་འགྱུར་བཞིན་པ་ལགས་པས། རིགས་པ་སྨྲ་བ་དེ་དག་གིས་ནང་བསམ་པའི་དཔལ་ཡོན་ལ་མཛེས་སྡུག་གི་ཉམས་ཕུན་སུམ་ཚོགས་ཞིང་། ཕྱི་དངོས་པོའི་དཔལ་ཡོན་གྱི་འཇིག་རྟེན་འཚོ་བའི་བདེ་སྡུག་གསོན་ཉམས་ལྡན་པའི་སྣང་བརྙན་མིང་ཚིག་ཡི་གེའི་ལམ་ནས་གཟུགས་སུ་གསར་དུ་བཞེངས་པའི་བྱེད་པོ་ཞིག་གྱུར་པ་ལགས་པས།  དེ་དག་ནི་མི་རིགས་ཀྱི་རིག་གནས་ལ་བཅང་བའི་ལྷག་བསམ་མི་འདོར་བ་ཡིན་ངེས་པས་ཁོ་བོས་ཀྱང་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།    

དེང་དུས་རྩོམ་པ་པོ་རྣམས་ཀྱིས་སྙན་ངག་གི་ལམ་ལས་དྲོངས་བའི་རྩོམ་ ཡིག་ཕལ་ཆེར་སྲོལ་རྒྱུན་སྙན་ངག་གི་ཚིག་རྒྱན་ལ་མ་ལྟོས་པར། དེང་རབས་གསར་རྩོམ་གྱི་ཚིག་འཁྲི་སྐམ་པོ་ཙམ་ལ་རེ་བའི་དོ་ཁུར་གྱི་མཉམ་འཇོག་བྱས་པ་དང་།  བརྗོད་བྱའི་དོན་ལ་སྙན་ངག་ཕལ་པའི་ཡུལ་སྲོལ་དང་བསྟུན་ནས་རང་ལུགས་ཀྱི་ཚིག་སྦྱོར་རེའི་རྩོམ་ཡིག་གི་མགོ་ནས་མཇུག་བར་སྲོལ་རྒྱུན་སྙན་ངག་དྲི་ཙམ་ཡང་ག་ལ་ལྟ། ད་དུང་ལེགས་ལེགས་དང་སྙན་སྙན་གྱི་ཚིག་གིས་སྦྱོར་ཚུལ་ཞིག་ཏུ་རློམ་ན་ཡང་།  ཁོ་བོས་བལྟས་ན་དེ་དག་ནི་ཤིང་ཁ་ཤོག་བཅད་དཔེ་ལྟར།  ལྟ་སྣང་ཚིག་རྒྱན་ལྟར་སྣང་ནའང་དོན་དུ་བསམ་ན་རྒྱན་གྱིས་གྲངས་སུ་མི་འགྱུར་བས།  དེང་གི་སྙན་ངག་བ་རྣམས་ཀྱི་ཚེ་སྲོག་ལྟར་རིག་གནས་སྤྱི་དང་། བྱེ་བྲག་འཕགས་ཡུལ་གྱི་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་མེ་ལོང་མའི་ལེའུ་གསུམ་གྱི་རྒྱན་ཚིག་ལ་ཐོས་བསམ་གྱིས་འབད་པས་ངང་པ་མཚོ་ལ་འཇུག་པའི་དགའ་བ་ལྟར་དང་དུ་ལེན་པ་ཞུ།

དེ་ལྟ་ནའང་ཁོ་བོས་བསམ་དགོས་པ་ཞིག་ལ་སྤྱིར་འཆད་པ་དང་། བརྩོད་པ་དང་། རྩོམ་པ་གསུམ་ནི་མཁས་པའི་བྱ་བ་རྣམ་གསུམ་གྱི་ལས་ཞེས་ཀུན་ལ་གྲགས་ཤིང་།   ཡ་རབས་དམ་པའི་མཛད་སྤྱོད་བརླབས་པོ་ཆེ་ལས་མ་འདས་པས། རང་ཉིད་བླང་དོར་གྱི་གནས་མ་ནོར་བ་མཁྱེན་ཤིང་། གཞན་ལ་འཆད་ནུས་པའི་རང་དོན་ཕུན་སུམ་ཚོགས་ཤིང་གཞན་དོན་ཡལ་བར་མི་འདོར་བའི་མཛད་ཕྲིན་དང་། ལྷག་བསམ་མངའ་བའི་ལས་ལ་དགྱེས་པའི་དབང་རྣོན་རིག་པའི་རྗེས་འབྲངས་གང་ཞིག      རབ་ས་དང་པོ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་།  འབྲིང་ཡི་དམ་ལྷ་ཡི་ཞལ་གཟིགས་པ།  ཐ་མ་བཟོ་གསོ་སྒྲ་ཚད་ནང་རིག་པ་སྟེ་གནས་ཆེན་ལྔ་ལ་མཁས་པའི་གོ་སར་མ་བསླེབ་པར། བསྟན་བཅོས་རྩོམ་པའི་གནང་བ་མ་བྱིན་བ་ནི་སྔོན་འཕགས་ཡུལ་གྱི་པཎྡི་ཏ་དང་། བོད་ཀྱི་ལོ་པཎ་རིམ་བྱོན་རྣམས་ཀྱིས་ཡང་ཡང་གསུང་པ་དང་། སྔོན་འཕགས་ཡུལ་གྱི་གཙུག་ལག་ཁང་ཆེན་པོ་གཉིས་སུ་བཞུགས་ཤིང་གནས་ལྔ་རིག་པའི་་པཎྡི་ཏ་རྣམས་ཀྱི་བརྩམས་པའི་བསྟན་བཅོས་གང་ཞིག བཅོམ་ལྡན་འདས་ཀྱི་བཀའ་ཡི་དགོངས་པ་དང་མཐུན་པ་གྱུར་ན་མཆོད་བསྟོད་དང་བཀུར་བསྟིའི་དང་ལེན་བྱེད་པ་དང་།  བཅོམ་ལྡན་འདས་ཀྱི་བཀའ་དང་མ་མཐུན་ན་བརྩམས་པ་པོ་གང་དེའི་ལག་པ་བཅད་དེ།  ཁྱི་རྔ་ལ་འདོགས་ནས་མེ་རྒྱབ་པའི་སྲོལ་ཡོད་པས་གང་མོས་ཀྱི་བསྟན་བཅོས་རྩོམ་པའི་ལས་ལ་འཇུག་པར་མི་འགྱུར་རོ།  སྤྱིར་སྙན་རྩོམ་དང་འབོལ་རྩོམ་སྒྲུང་རྩོམ་དཔྱད་རྩོམ་སོགས་བཅད་ལྷུག་སྤེལ་མ་གང་ཡིན་རུང་།   རབ་ཏུ་བྱུང་ན་བརྗོད་བྱ་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་རྣམ་བཞག་གི་སྲོག་བཟུང་ནས་བརྗོད་བྱེད་བཅད་ལྷུག་སྤེལ་མའི་ལུས་ལ་སྙན་ཚིག་གི་ཉམས་ཕུན་སུམ་ཚོགས་ཤིང་།  བརྗོད་ཚུལ་རྣ་བར་སྙན་ཞིང་འཇེབས་པའི་ཚིག་སྦྱོར་མཛེས་ཤིང་ཡིད་དུ་འོང་བའི་རྒྱན་གྱིས་དོན་རོ་ཉམས་དང་ལྡན་པའི་སྙན་ངག་ནི།  གཏན་གྱི་འདུན་མ་བསྒྲུབ་པའི་གཞི་འགྱུར་བས་དེ་ནི་རིན་ཆེན་གསེར་ལས་ཀྱང་རིན་ཆེ་བར་འགྱུར་ཏེ།   དཔེར་འཕགས་བོད་ཀྱི་ལོ་པཎ་རྣམས་ཀྱིས་བརྩམ་པའི་བསྟན་བཅོས་ལྟ་བུའོ། དེ་ལྟར་མིན་རུང་བརྗོད་བྱའི་དོན་གང་ཞིག་བརྗོད་བྱེད་སྙན་ཚིག་གི་ལམ་ནས་ཀློག་པ་པོ་དེའི་སྣང་ངོར། གཟུགས་དང་ལང་ཚོ་སོགས་འབུར་དུ་ཐོན་པའམ་གསར་དུ་བསྐྲུན་པའི་མྱངས་ཚོར་ཐོན་པའི་ཉམས་དང་ལྡན་པ་ཞིག་མེད་ཚེ།  རྩོམ་པ་པོའི་རྩོམ་ཡིག་ལ་བརྗོད་དོན་གྱི་ནུས་པས་དབེན་ཞིང་རང་ཉིད་ཀྱི་སྣག་ཤོག་ཆུད་ཟོས་དང་།  དུས་ཚོད་དོན་མེད་དུ་གྲོན་པའི་རྒྱུ་ཁོ་ན་ལས་མ་འདས་པ་ཉིད་དུ་འགྱུར་རོ།  

ད་དུང་སྙན་ངག་གྱེར་འདོན་སྐབས་སུ་རོལ་མོའི་འཁྲིལ་ཐབས་ཀྱི་སྙན་ངག་ལ་ཡང་དེང་སང་རྩོམ་པ་པོ་རྣམས་ཀྱིས་གདེང་འཇོག་མཛད་པའི་དར་སྲོལ་ཆེར་སྣང་བས།  དེ་ཡང་ཚིག་གི་སྦྱོར་ཚུལ་དང་དོན་གྱི་རོ་ཉམས་གང་ལའང་བསམ་ན་ཚིག་གིས་གཅོད་མཚམས་དང་སྒྲ་གདངས་ཀྱི་འདེགས་འགྱོགས་སོགས་གང་མོས་སུ་སྦྱོར་མི་རུང་ཏེ། ས་པཎ་གྱིས།།དྲང་པོ་བསྒྲེང་དང་བཀུག་པ་དང་༑༑བསྟོད་དང་སྨད་པའི་ང་རོས་དྲང༌།།ཁུགས་ལ་རྐྱང་དང་བརྩེགས་པ་སྟེ། ཞེས་དང་། མྱུར་དང་བུལ་བའི་རྩོལ་བ་དང༌།།བསྒྲིམས་དང་ཀློད་པའི་ང་རོ་དང༌།།བཏེག་པ་དང་ནི་བཅུམ་པ་རྣམས།།ཕོ་མོ་མ་ནིང་འདྲེན་པ་ལ།།རྐྱང་པའམ་སྤེལ་བས་ང་རོ་དྲངས་ཞེས་གསུངས་པ་དང་།  དཔེར་ན་རོལ་མོ་ཞེས་པ་དེ་གར་སྟེག་སྟེང་གི་འཁྲབ་སྟོན་པའི་སྒྱུ་རྩལ་གྱིས་འགྲོས་དང་བསྟུན་པའི་ཉམས་ཀྱི་མཚོན་བྱེད་ཞིག་ལགས་པས།   རོལ་མོའི་སྙན་ངག་ལ་ཡང་བརྗོད་བྱའི་དོན་གང་ཞིག་བརྗོད་བྱེད་ཚིག་གིས་རོལ་མོའི་འདེགས་འགྱོགས་དང་། ཞི་དྲག་སོགས་བརྗོད་ཚུལ་ཐ་དད་པའི་བརྗོད་དོན་གྱི་རྣམ་པ་མཚོན་པའི་སྒྱུ་རྩལ་མཁན་གྱི་གཟུགས་བརྙན་གསར་དུ་བསྐྲུན་ཞིང་།  འབུར་དུ་ཐོན་པའི་ཚིག་སྦྱོར་གྱི་ཉམས་སྙན་ངག་གི་ལམ་ནས་དྲོངས་བའི་མཚོན་ཐབས་སུ།  ཡིད་དབང་འགུགས་པའི་བརྗོད་དོན་ཕུན་སུམ་ཚོགས་པ་ཞིག་མེད་དུ་མི་རུང་བ་ཞིག་ལ་ངེས་པར་དུ་དོ་སྣང་བྱེད་དགོས།  སྤྱིར་སྙན་ངག་ཞེས་པ་དེ་འཇིག་རྟེན་རང་དགའ་མའི་ངག་ནས་ཐོན་པའི། ཁྱོད་ཡག་ང་མཛེས་ལྟ་བུའི་གྲོང་ཚིག་ཕལ་སྐད་ཀྱི་ཡིད་དགའི་གཏམ་ལ་འདོད་པ་ཙམ་མ་ཡིན་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས། མཁས་པའི་བྱ་བ་རྣམ་གསུམ་གྱི་ལས་ལ་འཇུག་པའི་བརྗོད་འདོད་ཀུན་སློང་ཟོལ་མེད་ཀྱི་ཉམས།  དངོས་སྟོབས་རིག་པའི་ལམ་ནས་མིང་ཚིག་ཡི་གེའི་གཟུགས་སུ་སྙན་ཚིག་གིས་འགྱུར་བ་ལས་དྲོངས་བའི་ངོ་མཚར་རྨད་དུ་བྱུང་བའི་མཁས་པའི་མཛད་རྗེས་མཛེས་སྡུག་གི་སྒྱུ་རྩལ་ལས་བསྐྲུན་པའི།  བརྗོད་བྱའི་རྒྱབ་ལྗོངས་མཐོང་ན་མིག་གིས་དགའ་སྟོན་དང་། བརྗོད་བྱེད་བཅད་ལྷུག་སྤེལ་མའི་ངག་སྒྲོས་ལ། སྙན་ཚིག་ལ་ཉན་ཚེ་རྣ་བའི་བདུད་རྩི་རུ་བསྒྱུར་ནུས་པ། བརྗོད་ཚུལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཀྱི་དགོངས་པ་དང་མཐུན་པའི། ཡིད་ཀྱི་དང་བ་འདྲེན་པ་དང་བཅས་མདོར་ན་མི་རབས་རྗེས་མའི་ལེགས་ལམ་སྟོན་པའི་རྣམ་དཀར་གྱི་དགེ་མཚན་ཕྱོགས་དུས་ཀུན་ཏུ་ཁྱབ་པའི་མཛད་རྗེས་གསར་པ་ཞིག་འཇོག་ཐུབ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1