༄༅།། རྐྱང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


  རྐྱང་ནི་མདོ་དབུས་མཐོ་སྒང་ཁོ་ནར་ཡོད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན། དེའི་ཚུགས་ཀ་བོང་བུ་དང་རྟ་མཉམ་སྡེབ་ཀྱིས་བཙས་པའི་དྲེལ་དང་མཚུངས་ལ་རྔ་མ་རྟའི་རྔ་མ་དང་འདྲ། མཚོ་ངོས་ལས་སྨི་3600ནས་སྨི་5400ཡིས་མཐོ་བའི་ས་རུ་ཁྱུ་སྡེབ་ནས་འཚོ་སྡོད་བྱེད་བཞིན་ཡོད་ལ། ཚ་གྲང་དང་གངས་ཆར་སོགས་ཀྱི་བཟོད་བསྲན་ནུས་པ་མཐོ་བ་དང་སྤྱིར་བཏང་དུ་ལྔ་དྲུག་རེ་དང་མང་དུས་བཅུ་གྲངས་རེ་ཁྱུ་སྒྲིག་ནས་འགྲོ་ཞིང་། ཆེས་མང་དུས་བརྒྱ་ཕྲག་རེ་མཉམ་དུ་བགྲོད་པ་ཡིན་ལ་ཁྱུའི་མགོ་ཕོ་རྐྱང་ཞིག་གིས་ཁྲིད་དེ་རྩྭ་ཆུ་གང་བཟང་གི་རྗེས་སྙེག་ནས་སྐོར་སྐྱོད་ཀྱི་འཚོ་བ་རོལ། 

  རང་རེའི་ལོ་རྒྱུས་རྣམས་སུ་རྐྱང་ཕོ་མོ་རྟར་བཏུལ་ཞེས་བཀོད་ཡོད་ཅིང་། རྐྱང་གི་མགོ་བོའི་ཞེང་ཆེ་ལ་ཐུང་བ་དང་མཆུ་ཏོ་སྒོར་དབྱིབས་སུ་གྲུབ་ཅིང་མདོག་དཀར་པོ་ཡིན་པས་རང་རེའི་བོད་པ་ཚོས་རྐྱང་ཁ་དཀར་ཞེས་ཀྱང་བྱ། རྣ་གཤོག་གི་རིང་ཚད་ལ་ཧའོ་སྨི་170ཙམ་ཡོད་ཅིང་རྔོག་མ་ཐུང་ཞིང་དྲང་། སུས་བཞི་སྦོམ་ལ་རྨིག་པ་ཅུང་མཐོ། རྒྱབ་ཀྱི་སྤུ་མདོག་སྨུག་པོ་ཡིན་ལ་ལྟོ་བ་དང་སུག་བཞིའི་ནང་ངོས་དཀར་པོ་ཡིན། དབྱར་གྱི་སྤུ་མཐུག་ཅིང་དགུན་གྱི་སྤུ་ཅུང་སྲབ། རྐྱང་ཕྲུག་གི་སྤུ་མཐུག་ཅིང་ཅུང་སེར་ཤ་དང་ལྡན་ལ་ཁུ་ལུ་རིང་ཞིང་ལོ་གཉིས་པར་སྤུ་བརྗེ་རྗེས་ད་གཟོད་རྐྱང་དར་མའི་སྤུ་མདོག་ལྟ་བུར་འགྱུར། 

  རྐྱང་གིས་ཞོགས་དུས་སུ་འབྲོག་སྟོང་གི་ཆུ་མགོ་ནས་ཆུ་རྒྱགས་ཚད་ཅིག་འཐུང་རྗེས་ཉིན་གང་བོར་ཐག་ཉེའི་རྩྭ་ཐང་ནས་ཟས་འཚོལ་ཞིང་ངལ་གསོ་བ་ཡིན། རྐྱང་ཁྱུ་སྒྲིག་ནས་བསྐྱོད་སྐབས་སྒྲིག་ལམ་ཡོད་ཅིང་མགོ་ཁྲིད་མཁན་གྱི་རྗེས་སྙེག་ཅིང་རྐྱང་ཕྲུག་དཀྱིལ་དུ་བཅུག་ནས་རྐྱང་མ་ཆེས་རྗེས་མ་བྱས་ཏེ་འགྲོ་བ་ལས་ཐ་ཐོར་ཏུ་གཏན་ནས་རྐྱང་གི་འགྲོ་འདུག་ལ་བརྟག་ཐུབ། ཁ་ཟས་སུ་རི་མཐོ་སའི་རྩི་ཤིང་བཟའ་བ་དང་ཉིན་ཁ་ཤས་ལ་ཆུ་མ་འཐུང་རུང་སྐྱོན་མེད། རྐྱང་གིས་ཟླ་བ་ལྔ་པ་ནས་སྤུ་བརྗེ་མགོ་རྩོམ་ལ་ཟླ་བ་བརྒྱད་པར་སྤུ་ཡོངས་སུ་བརྗེ་ཚར་འགྲོ་ཞིང་ཤ་ཤེད་རྒྱས། རྐྱང་གི་མིག་དང་རྣ་བ། སྣ་ཤེས་སོགས་ཤིན་ཏུ་སྐྱེན་པོ་ཡོད་ཅིང་བང་རྩལ་ཧ་ཅང་མྱུར། 

  སྐྱེ་འཕེལ་དུས་རིམ་ནི་ཟླ་བ་བདུན་པ་ནས་བརྒྱད་པའི་ནང་ཡིན་ལ་མངལ་སྦྲུམ་པའི་དུས་ཚོད་ཕལ་ཆེར་ཉི་མ་སུམ་བརྒྱ་ལྔ་བཅུ་ཡིན་པ་དང་རྐྱང་ཕྲུག་གཅིག་རེ་མ་གཏོགས་མི་བཙའ། རྐྱང་ཕྲུག་ལོ་བཞི་འགོར་ན་དར་ལ་འབབ་པ་ཡིན། 

  རང་རེའི་བོད་པའི་གཏམ་དཔེ་དང་དམངས་གླུ། གླིང་སྒྲུང་། གཏམ་རྒྱུད་སོགས་སུ་རྐྱང་ནི་ལྷ་ཡི་བཅིབས་པ་དང་རྒྱུགས་ཡ་མེད་པ་སོགས་ཀྱི་སྣང་བརྙན་ཁྱད་པར་ཅན་ཞིག་བསྐྲུན་ཡོད་ཅིང་། དོན་དངོས་སུའང་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་སྲོག་ཆགས་རྩ་ཆེན་གྱི་རིགས་ཡིན་ཞིང་། དེའི་ཤ་སོགས་སྨན་སྣ་རྩ་ཆེན་དུ་འགྲོ་བས་སྲུང་སྐྱོབ་ཀྱི་རིན་ཐང་ཆེན་པོ་ལྡན་ལ་ཚན་རིག་ཞིབ་འཇུག་གི་དོན་སྙིང་གལ་ཆེན་ཡོད་པས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་བྱ་དགོས་ཡོད། 

                                                                            སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1