༄༅།། གློག་རྐུ་མཁན་ལ་སྒོར་ཆད་ཇི་ལྟར་གཅོད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-16


གྱོད་དོན།
  ང་ནི་གཡང་སྡེ་བའི་སྡེ་མི་ཕལ་བ་ཞིག་ཡིན་ལ། ང་ཚོའི་སྡེ་བ་ནི་ཞིང་ལས་ཁོ་ན་གཉེར་བཞིན་པའི་རོང་བའི་ས་ཆ་ཞིག་ཡིན། ང་རང་སྡེ་བ་འདིའི་མི་ཡ་རབས་ཀྱི་གྲས་སུ་མི་ཚུད་ནའང་དུས་རྒྱུན་ཁྱིམ་ཚང་དང་སྡེ་མི་གཞན་ལ་འགྲིག་མཐུན་བྱས་པར་མ་ཟད། ད་བར་དུ་ཁྲིམས་འགལ་ལུགས་འགལ་གྱི་བྱ་བ་ཅི་ཡང་ལས་མ་མྱོང་བས་མི་མ་རབས་ཀྱི་གྲས་སུའང་མི་ཚུད། ཡིན་ནའང་ན་ནིང་སྟོན་ཁར་གཡུལ་གཅོག་ལ་ཉེ་དུས་སྡེ་མི་ཞིག་གིས་ང་ལ་གློག་རྐུ་བའི་བྱེད་ཐབས་མང་པོ་ཞིག་བཤད། ཅང་མ་འགོར་བར་གཡུལ་གཅོག་པའི་དུས་ལ་ཐོན་ཞིང་ངས་ཀྱང་གཡུལ་གཅོག་དུས་གློག་མང་པོ་འགྲོ་བ་དང་བསྟུན་ནས་གློག་རིན་ཡང་མང་པོ་སྤྲོད་དགོས་པར་བསམས་ཏེ་གློག་བརྐུས་པ་ཡིན། དེ་ནས་ཟླ་གཅིག་འགོར་རྗེས་གློག་ཤུགས་ཀུང་སིའི་མི་སྣ་ང་ཚོའི་སྡེ་བའི་གློག་གི་སྒྲིག་ཆས་ལ་ལྟ་རྟོག་བྱེད་དུ་ཡོང་དུས་ངས་གློག་བརྐུས་ཡོད་པ་རྟོགས་བྱུང་། ཁོ་ཚོས་ངས་གློག་བརྐུས་པའི་ཆད་པ་རུ་ཟླ་དེའི་གློག་རིན་གྱི་ལྡབ་བཞི་སྟེར་དགོས་ཟེར།
གློག་དོན་དབྱེ་ཞིབ།
     གློག་རྐུ་བ་ཞེས་པ་ནི་ལུགས་འགལ་གྱི་བྱེད་ཐབས་ལ་བརྟེན་ནས་གློག་བཀོལ་བ་དང་། གློག་རིན་མི་སྤྲོད་པའམ་ཉུང་ཙམ་སྤྲོད་པ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཟེར། ཉེ་བའི་ལོ་འགའི་རིང་ལ་གློག་རྐུ་བའི་གནས་ཚུལ་ཧ་ཅང་ཚབས་ཆེན་རེད། དེང་སྐབས་གློག་རྐུ་བའི་ཁྱབ་རྒྱ་ཧ་ཅང་ཆེ་བར་མ་ཟད། གློག་རྐུ་བའི་བྱེད་ཐབས་ཀྱང་སྣ་མང་ཅན་དང་ལག་རྩལ་ཅན་དུ་འགྱུར་བཞིན་ཡོད། ལྷག་པར་དུ་ལས་ཁུངས་དང་མི་སྒེར་གྱིས་མངོན་སུམ་དུ་གློག་རྐུ་བའི་བྱ་སྤྱོད་ལ་གཞིགས་ན། གཙོ་བོ་གཤམ་གྱི་ལུགས་མཐུན་མིན་པའི་བྱེད་ཐབས་ལ་བརྟེན་ནས་གློག་བཀོལ་བ་སྟེ། རང་འདོད་ཀྱིས་གློག་མཁོ་སྤྲོད་སྡེ་ཁག་གི་གློག་འདོན་སྒྲིག་ཆས་སྟེང་གློག་སྐུད་མཐུད་དེ་གློག་རྐུ་བ་དང་། བསམ་བཞིན་དུ་གློག་མཁོ་སྤྲོད་སྡེ་ཁག་གི་ཚད་འཇལ་སྒྲིག་ཆས་ལ་གཏོར་བརླག་བྱེད་པ། གློག་མཁོ་སྤྲོད་སྡེ་ཁག་གི་ཚད་འཇལ་སྒྲིག་ཆས་ཀྱི་ནུས་པ་ཉམས་སུ་འཇུག་པ་བཅས་རེད། གློག་ཤུགས་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་གློག་རྐུ་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་ཆེད། གློག་ཤུགས་བཅའ་ཁྲིམས་ལས་གློག་བརྐུས་པའི་བྱ་སྤྱོད་ལ་ཁྲིམས་ཆད་ནན་མོ་གཅོད་པའི་གཏན་ཁེལ་ཡོད། བཅའ་ཁྲིམས་ནང་གློག་རྐུ་མཁན་ལ་གློག་ཤུགས་དོ་དམ་སྡེ་ཁག་གིས་སྐྱོན་བརྗོད་དང་བཀའ་ཕབ་ནས་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་དགོས་པར་མ་ཟད། གློག་རིན་བླངས་པའི་ཐོག་གློག་རིན་གྱི་ལྡབ་ལྔ་མན་གྱི་ཆད་པ་གཅོད་དགོས། གལ་ཏེ་ནག་ཉེས་གྲུབ་ཡོད་ན་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས། དེ་བས་རྫོང་གློག་ཤུགས་ཀུང་སིས་ཐག་བཅད་པ་ནི་ཁྲིམས་མཐུན་ཡིན་པས་ཁྱོད་ཀྱིས་ཐག་གཅོད་ལྟར་ཆད་པ་སྟེར་འོས།
 རམས་ཚེ་བྷོ་དང་སྐལ་བཟང་རྒྱལ་གྱིས་སྒྲིག་སྒྱུར་བྱས་པའི་《གྱོད་དོན་དབྱེ་ཞིབ་ཆིག་བརྒྱ་མ།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1