༄༅།། རམས་ཚེ་བྷོའི་རྩོམ་གསར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-17



འབུ་དང་བུ།

-----འབུ་དང་བུ་གཉིས་ཀྱི་བརྩེ་འདང་ལ་གོལ་ནོར་ཐེབས་པའི་ཨ་ཕའི་གཅེས་སེམས།

  འབུ་དང་བུ་གཉིས་ནི་སེམས་ཅན་ཡིན་པ་འདྲ་ནའང་སྲོག་ཆགས་ཀྱི་ཚད་རིམ་མི་འདྲ་སྟེ། སྨྲ་ཤེས་དོན་གོ་བའམ་ཡོ་བྱད་བཟོ་ཤེས་ཤིང་བཀོལ་ཤེས་པ། ངལ་རྩོལ་བྱེད་ཤེས་ཤིང་བསམ་གཞིག་གཏོང་ཤེས་མཁན་གྱི་འགྲོ་བ་མི་ཞིག་ལ་མཚོན་ན། དེ་གཉིས་ལ་བཅངས་པའི་བརྩེ་འདང་མི་འདྲ་བ་ཡོད་སྲིད་ཀྱང་། བརྩེ་བ་ལ་གོལ་འཛོལ་བྱུང་བའམ་རིན་ཐང་གི་ལྟ་ཚུལ་ནོར་བ་ནི་མཐོ་རིམ་སྲོག་ཆགས་ཤིག་གི་བྱས་ཉེས་ངོ་མ་ཞིག་རེད།
    བརྩེ་བའི་ཡབ་ཆེན་ལགས། ཁྱེད་རང་ད་ལྟ་གང་ན་བཞུགས་ཤིང་གུད་དུ་ཡོད་ན། དེ་རིང་ང་རྫ་མཐོན་པོ་ཞིག་གི་ཡང་སྟེང་དུ་འགོས་ཏེ་ཁངས་འཁྱག་པ་ཞིག་གི་གྲང་རེག་མྱོང་བཞིན། ནོར་ནག་གི་རྨུག་རྗེས་བར་ནས། ཁ་ཆར་དང་བུ་ཡུག་ཁྲོད་དུ། ཁྱེད་བཞུད་སའི་རྫ་ལམ་འཕྲེད་ཀྱིས་གཅོད་ཀྱིན། ཁྱེད་བཞུགས་སའི་སྦྲ་ཁྱིམ་བཙན་གྱིས་སྲུང་བཞིན། ཁྱེད་བགྲོད་སའི་ལུང་ཕུགས་ཧུར་གྱིས་འཚོལ་ཀྱིན། འབུ་ཤི་བོ་ཞིག་ལ་ལས་དབང་བཅོལ་ཞིང་། རྩྭ་རུལ་བ་ཞིག་ལ་ཡིད་ཆེས་བྱེད་ཞོར་དུ། ངས་ཁྱེད་ལ་འཕྱིས་དྲག་པའི་ལེ་བདའ་ཞིག་གི་སྙིང་གཏམ་ཞུ། ངས་ཁྱེད་ལ་བཞུད་ཚར་བའི་གཏམ་རྒྱུད་ཅིག་གི་ཁ་དོག་གླེང་།
    ཕ་རྒན་ལགས། བདག་གིས་ཁྱེད་ལ་དོ་མི་མཉམ་པའི་གཏམ་རྒྱུད་འགའ་བཤད། གཏམ་རྒྱུད་དེ་དག་ནི་ནམ་ཡང་བདག་གི་རྣ་འགྲམ་དུ་རྔ་བོ་བཞིན། བྲག་ཅ་བཞིན། ཅོང་སྒྲ་བཞིན། ལྡིར་ལྡིར་དུ། ལྷང་ལྷང་ངང་། སིང་སིང་དུ་གྲགས་འོང་བས། ངས་མི་ལོ་ཉི་ཤུར་རང་སེམས་སུ་ཉར་བའི་ངུ་ཞུམ་དང་སྡུག་ཡུས། མནར་གཅོད་དང་འགྱོད་གདུང་མ་ལུས། གཏམ་རྒྱུད་འདི་དག་གིས་ལད་པས་ང་གཏམ་རྒྱུད་འདི་གླེང་བར་ཤིན་ཏུ་སྐྲག་ཅིང་ཧ་ཅང་ནས་སུན་ཀི
དབྱར་རྩྭ་དགུན་འབུ། 
  བདག་གིས་དབྱར་རྩྭ་དགུན་འབུ་ཞེས་པའི་ཐ་སྙད་འདི་རང་ལོ་བདུན་གྱི་སྟེང་ནས་ཐོག་མར་གོ་མྱོང་ལ། དེ་ནི་སྟོན་ཟླ་དགུ་པའི་ཚེས་གཅིག་གི་ཉིན་མོ་ཞིག་རེད། དགེ་རྒན་གྱིས་ང་རང་ཉིན་དེ་ནས་བཟུང་སློབ་གྲྭར་ཡོང་དགོས་པའི་རེ་བ་བཏོན་ཀྱང་ཨ་ཕས་གསང་ཐབས་ཀྱི་སྒོ་ནས་སློབ་གཙོ་ལ་དབྱར་རྩྭ་དགུན་འབུ་རྒྱ་མ་གང་བརྫངས་སོང་ཟེར་བས་ཁྱིམ་མི་རྣམས་དགའ་ཀྲོག་ཀྲོག་བྱེད་ཅིང་། ངས་ཀྱང་ཁོ་ཚོ་དང་ལྷན་དུ་དགའ་མདོག་གི་རྣམ་འགྱུར་ཙམ་བསྟན་ཏེ་རང་ཡུལ་དུ་མི་ལུས་ག་མེད་བྱུང་།
  སློབ་ལོ་རན་པའི་བྱིས་པ་ཞིག་ལ་མཚོན་ན། དུས་ཚོད་ཀྱི་སྐར་ཆ་རེ་རེ་གསེར་ནག་གི་ཐིགས་པ་རེ་རེ་ཡིན་ལ། སློབ་འགྲིམས་ཀྱི་རྐང་སྟེགས་གསར་བ་ནི་མི་ཚེ་ཡི་མདུན་བསྐྱོད་ཆེན་མོ་ཞིག་ཡིན་པས། བུ་འདང་འབུ་ལ་བརྗེས་པའི་བྱམས་ལྡན་གྱི་ཨ་ཕས་བདག་གི་རྨི་ལམ་གྱི་འདུན་མ་འདི་ལྟར་ཧྲུག་གེར་བཅག་ཟིན། དུས་དེ་ནས་བཟུང་བདག་གིས་དཔེ་ཁུག་རྒྱབ་ཏུ་འཁུར་མཁན་གྱི་ན་ཆུང་གྲོགས་པོ་ཚོས་དགའ་སྣང་དང་མཆོང་ལྡིང་གིས་ཀ་ཁ་སུམ་བཅུ་གླུ་རུ་ལེན་བཞིན་དབྱངས་གསལ་སོ་བཞི་ངག་ལ་གྱེར་བའི་ལྷང་ལྷང་གི་སྒྲ་དབྱངས་རེ་རེ་དར་ལུང་རྣ་བོའི་གསོས་སུ་སྨིན་ཐེངས་རེར། ཤེས་རིག་ཅིག་གི་ཟབ་ཚད་མི་རྟོགས་ཀྱང་དབྱངས་སྙན་དྲོན་མོ་དེ་ཡི་མཛེས་སྡུག་ཚོར་མྱོང་ལ། དཔེ་ཀློག་ཅེས་པའི་རིན་ཐང་མི་ཤེས་ཀྱང་རྩེད་དགར་རོལ་བའི་ཤེས་རིག་གི་སྡིངས་ཁང་དེ་ཡིད་ལ་ཝ་ལེར་འཆར་མྱོང་། བདག་གི་ཕ་ཡུལ་ན་དབྱར་རྩྭ་དགུན་འབུ་མང་བ་ལས་མི་ཤེས་ཡོན་པ་དང་འཇོན་ནུས་ཅན་ཉུང་བས། བསམ་མེད་ཀྱི་བྱིས་པ་ཞིག་གི་ཕུགས་འདུན་གྱི་འཇའ་རིས་འདི་ནས་བསུབ་ཅིང་། ལང་ཚོ་ཡི་རྨི་ལམ་འབུ་ཡིས་ཟས་ཚར།
  ཕ་རྒན་ལགས། དྲིན་བྱས་དྲིན་དུ་གོ་དགོས་པ་བུ་ཕྲུག་གི་བྱོལ་མེད་ཀྱི་འོས་འགན་ཞིག་ཡིན་ན། བྱམས་དང་བརྩེ་བས་སྐྱོང་རྒྱུ་ཨ་ཕའི་ལྷད་མེད་ཀྱི་རང་གཤིས་ཅི་ལ་མིན། ང་རང་ཕ་ཡུལ་དུ་ལུས་པའི་ལོ་དེ་དག་ལ། བདག་གི་ཐོས་འཛིན་རྣ་བའི་སྙན་ལམ་དུ། ཁྱོད་ཀྱིས་དབྱར་རྩྭ་དགུན་འབུ་ལ་བཅངས་པའི་ཧམ་སེམས་དང་། བསླུ་བྲིད། བརྩེ་བ་ལས་གཞན། སྔོ་འབུ་ཕྲ་མོ་དེ་ཡི་རིན་ཐང་དང་གོང་ཚོད་མ་གཏོགས། ཁྱོས་བུ་ཆུང་བདག་གི་ནར་སོན་དང་ཚར་ལོངས་ལ་ཁ་ཡ་གཏན་ནས་བྱས་མ་མྱོང་། དུས་དེ་ནས་བཟུང་། ངས་དྲིན་ཆེན་ཕ་མའི་བརྩེ་བ་ལ་སོམ་ཉི་དང་དོགས་འདྲི་བྱས་མྱོང་ལ། མཐིང་སྨུག་སྦྲ་ཡི་ཁ་དོག་ལ་ཡིད་ཆད་དང་ལེ་བདའ་བྱས་མྱོང་། འབའ་འབའ་ལུ་གུའི་སྒྲ་དབྱངས་ལ་སུན་སྣང་རྒྱབ་འགལ་བྱས་མྱོང་ལ། ན་ཆུང་གྲོགས་པོའི་དཔེ་ཀློག་གི་དབྱངས་སྙན་ལ་རེ་སྣང་དང་ཡིད་སྨོན་འཆོར་མྱོང་།
  རེད་ཡ། རེ་སྨོན་དེ་སུ་ལ་བཤད། ནང་སེམས་དེ་སུ་ཡིས་རྟོགས། ཁྱེད་ཀྱི་རེ་བ་ནི། བུ་ཆུང་བསམ་པའི་དོན་གྲུབ་ང་སྦྲ་རོག་རོག་འདི་ཡི་ནང་འཛིན་དུ་བསྐོ་བསམ་ཡོད། ཐང་སྐྱ་ལེབ་འདི་ཡི་གཞི་འཛིན་དུ་བསྐྱུར་བསམ་ཡོད། ལུག་འཚེར་མོ་སྟོང་གི་གཏེར་བདག་དུ་འགྱུར་བསམ་ཡོད། འབུ་བརྒྱ་གྲངས་ཤིག་གི་ནོམ་བདག་དུ་འཇོག་བསམ་ཡོད།
  ཨེ་རེད། ཅི་འདྲའི་བྱམས་བརྩེ་ལ་གོལ་འཛོལ་བྱུང་བའི་ཉེས་དམིགས་ཤིག  ཅི་འདྲའི་འདང་བརྩེ་ལ་མགོ་མཇུག་ལོག་པའི་གླེན་རྟགས་ཤིག 
དངུལ་ལོ་ཚེ་རིང་། 
  ང་རང་ལོ་བཅུ་གཅིག་གི་སྟེང་། ཡུན་རིང་ལ་རེ་བ་སྐོམ་པའི་ཆུ་བཞིན་བྱས་པའི་སློབ་གྲྭར་འགྲོ་བའི་བསྐལ་བ་ལྡན་སོང་། ངས་ཀྱང་ད་ནི་ཤེས་རིག་གི་ཐང་ཆེན་དུ་བརྩོན་འགྲུས་ཀྱི་རྟ་ཕོར་བཅིབས་ཏེ་ཤེས་བྱའི་གནས་ལ་འབད་བརྩོན་ལྷུར་ལེན་ཞིག་བྱེད་བསམ་སྟེ་སློབ་སྦྱོང་བཟང་པོ་བྱས་པ་ན་གྲུབ་འབྲས་ཀྱང་བླ་ལྷག་ཅིག་ཐོབ། ཡིན་ནའང་། ང་རང་སློབ་འབྲིང་དུ་ཞུགས་པ་ནས། ཨ་ཕས་རྒྱུན་དུ་ང་ལ་དམངས་སྒོར་བརྒྱ་ཕྲག་དུ་མ་སྟེར་བ་དང་། ཞོར་ཟས་ཉོ་བ་དང་། གྱོན་ཆས་ཉོ་བ། རྩེད་ཆས་ཉོ་བ་བཅས་བྱས་ཐོག ངས་ཀྱང་ཕ་ཕྱུག་པོའི་བུ་ཡི་ཁྱད་ཆོས་མ་བོར་བར། ཁྱིམ་འཛོམས་པོ་ཚང་གི་མནའ་ཐང་མ་བརྫད་པར་སྒོར་མོ་ཧུར་བཀོལ་འདོད་བཀོལ་བྱས་པ་ན། སློབ་གྲོགས་ཚོས་ངའི་མིང་ལ་དངུལ་ལོ་ཚེ་རིང་ཞེས་བཏགས།
  ཕ་རྒན་ལགས། དངུལ་ལོ་ཚེ་རིང་ཞེས་པའི་གཅེས་མིང་འདི་ཁྱོད་ཀྱིས་ཡུན་རིང་ལ་གསོ་སྐྱོང་གནང་ཞིང་བདག་གིས་དུས་རྟག་ཏུ་བརྩོན་ལེན་བྱས་པའི་ཁྱད་ནོར་ཞིག་ཡིན་པས། ངས་ཀྱང་གཅེས་སྤྲས་གང་ལེགས་གནང་བ་ཡིན། དུས་དེ་ནས་བཟུང་། ངས་ཁྱོད་ལ་ལོ་རེའི་དབྱར་རྩྭ་དགུན་འབུའི་རིན་གོང་དྲིས་མྱོང་ལ། ཁྱོས་ཀྱང་འབུ་ཚོང་པ་ཞིག་གི་མངའ་ཐང་བདག་ལ་བཤད་མྱོང་། ཉིན་དེ་ཚོར། བདག་གི་གཟུགས་གཞི་སློབ་ཁང་དུ་ཡོད་ཀྱང་སེམས་ཀྱི་རི་མོ་རྩྭ་ཐང་ན་ཡོད། བདག་གི་གོམ་པ་སློབ་གྲྭ་ན་སྤོ་ཡང་སེམས་ཀྱི་འདེགས་འཇོག་རྫ་ལུང་ན་རྒྱུ། མདུན་གྱི་སློབ་དཔོན་ཁྲིད་སྟེགས་སུ་བཞུགས་ཀྱང་སེམས་ཀྱི་ཕ་ལོ་སྔས་འགྲམ་ན་ཡོད། འཁྲིས་ཀྱི་སློབ་གྲོགས་ཅོག་འགྲམ་ན་འདུག་ཀྱང་སེམས་ཀྱི་དབྱར་རྩྭ་རུམ་ཁ་ན་ཡོད།
  ཁྱེད་རང་སློབ་གྲྭའི་སྒོ་ལམ་དུ་ཡོང་ཐེངས་རེར། ད་ལོར་འུ་ཚང་གི་འབུའི་ཐོན་ཁུངས་བཟང་ཞིང་རྩྭ་སའི་གན་རྒྱ་མཐོ་བའི་ཁར་ཚོང་རའི་རིན་གོང་ཡང་བྲིན་པའི་གནས་ཚུལ་བཤད་པ་དང་། འགྱིག་ཁུག་ནག་པོ་དེ་ལས་ཀུན་དགའ་དོན་གྲུབ་དམར་རྡང་འགའ་རེ་ངའི་ལག་དུ་འཇོག་ཞོར་དུ"གཅེས་ལོ། ཕོ་བ་ཨེ་ལྟོགས་ཐལ"ཞེས་དྲིས་པ་ན། ངས་ཕ་གཅེས་སེམས་ཅན་གྱི་བརྩེ་བ་མཐོང་ཞིང་། འབུ་རྩ་ཆེན་ཞིག་གི་རིན་ཐང་རྙེད་ཡོང་། བདག་ལ་སྒོར་མོ་ཡོད་པས་ན་སློབ་གྲོགས་བརྩེ་འདང་ཅན་གྱིས་མཐའ་ནས་བསྐོར་ཞིང་། འཁྱམས་པ་ཆང་འཐུང་མང་པོས་མདུན་ནས་བསུ་སྟེ། གྲོགས་མོ་མཛེས་མ་རྣམས་ཀྱིས་གམ་ནས་བསྐྱོར་བས། དངུལ་ལོ་ཚེ་རིང་ཞེས་པའི་ཆོ་ལོ་དེ་ནམ་ཡང་ང་རྒྱལ་དང་བཅས་ཏེ་སྲུང་འཛིན་བྱས་པ་ཡིན།
  ལས་བཙོག་པ་ཞིག་ལ། ཉིན་ཞིག་སློབ་གྲྭའི་གཙང་སྦྲ་ལྟ་ཞིབ་ཚོགས་པ་ང་ཚོའི་མལ་ཁང་དུ་ཐོན་ནས་ཞིབ་བཤེར་བྱེད་པའི་སྒང་ལ། ཁོ་ཚོས་བདག་གི་སྔས་འགྲམ་དུ་དུ་བ་བག་ཆ་འགའ་ཡོད་པ་མཐོང་སྟེ་མལ་བསྟན་ཡར་བཀྱགས་པ་ན། ཨ་མས་ང་རང་རྫོང་མཁར་དུ་སློབ་གྲྭར་སོང་ཚེ་ཕོ་བ་ལྟོགས་མི་ཉན་ཞེས་སྒོར་ཁྲི་གཅིག་བྱིན་པ་དེ་དེར་སྦས་ཡོད་པ་རིག་སོང་། ཉིན་དེ་ནས་བཟུང་། སློབ་གྲྭ་ཕྱི་ནང་ཀུན་ཏུ་དངུལ་ལོ་ཚེ་རིང་གི་མཚན་སྙན་འབྲུག་ལྟར་ལྡིར་བྱུང་། སེམས་ཁྲལ་ཅུང་ཆེ་ས་ཞིག་ཡོད་པ་ནི་སློབ་གྲྭས་ཚོགས་འདུ་ཆེ་ཆུང་ཀུན་བསྡུས་ཏེ་ཁྱིམ་བདག་གིས་སློབ་མར་སྒོར་མོ་བྱིན་མི་ཆོག་པ་དང་སློབ་མས་སྒོར་མོ་འབོར་ཆེན་བཀོལ་མི་ཆོག་པ་གཏན་ཁེལ་བྱས་པ་དེ་རེད། འོན་ཀྱང་། ང་རང་དེ་རིང་ད་དུང་ཡ་མཚར་བ་ནི། སློབ་གཙོས་དོན་རྐྱེན་དེའི་དབང་གིས་ཁྱེད་རང་ངེད་སློབ་གྲྭར་བོས་ཏེ་འུ་གཉིས་ལ་སྐྱོན་བརྗོད་ཁ་ཚ་པོ་གནང་ནའང་། ཁྱེད་ཕྱིར་ཕ་ཡུལ་དུ་ལོག་སྐབས། "གཅེས་ཕྲུག ལྟོགས་མི་ཉན། གྲང་མི་ཉན། ཁྱོད་ཀྱི་མིང་ལ་དངུལ་ལོ་ཚེ་རིང་ཐོགས་པ་རེད། ཕ་ཕྱུག་པོ་ཚང་གི་ཕྱུག་མིང་ཡིན་པ་ལས། བུ་མ་རབས་ཤིག་གི་མཚང་མིང་མ་རེད"ཅེས་སློབ་གྲྭས་གཞུང་བཞེས་གནང་བའི་སྒོར་ཁྲི་གཅིག་པོ་ཕྱིར་ངའི་ལག་ཏུ་སྤྲད་བྱུང་།
གནང་ཞུ་རྫུན་མ།
  རྫུན་མ་ནི་ངོ་མའི་ལྡོག་ཟླ་སྟེ། དངོས་མ་ཞིག་གི་ངོ་བོ་དང་རྣམ་པ་ཀུན་ནས་བསྒྱུར་ཏེ་ཕ་རོལ་པ་འཕྲུལ་བར་བྱེད་པ་དང་བསླུས་པར་བྱས་ཏེ་མགོ་བསྐོར་གཏོང་བའི་བྱ་སྤྱོད་ཅིག་སྟེ། ལོ་རེའི་དབྱར་ཟླ་བཞི་བ་ནས་ལྔ་བའི་བར་ཕ་རྒན་དང་ངེད་གཉིས་ཀྱིས་གྲོས་ཐག་གོར་མ་རྡོ་འདྲ་བ་བྱས་ཏེ་དགེ་རྒན་ལ་གནང་ཞུ་ཡི་གེ་རྫུན་མ་བསྐྱལ་བ་ཡིན། གནང་ཞུ་ཡི་གེ་རྫུན་མའི་སྟེང་དུ་སྤོ་བོ་ཁ་སང་འདས་པ་དང་རྨོ་མོ་སྨན་ཁང་དུ་བསྡད་ཡོད་པ། ཨ་མ་ཁ་སང་གཤགས་བཅོས་གནང་བ་དང་ཨ་ཕ་སང་ཉིན་བཤའ་རྒྱུ་ཡིན་པ་སོགས་བཀྲ་མི་ཤིས་པའི་ཁ་ཉེས་རྐྱང་རྐྱང་བྲིས་ཏེ་དགེ་རྒན་གྱི་མགོ་བོ་ཁྱིས་གཡོག་གཡོག་བྱས་ཏེ་ཕ་རྒན་དང་མཉམ་དུ་ཕ་ཡུལ་ལ་དབྱར་རྩྭ་འཐུ་རུ་ཕྱིན།
རྫུན་དང་ཕྲ་མ། ཚིག་རྩུབ། ངག་ཀྱལ་ནི་ངག་གི་སྦྱོར་བ་ལས་སྤང་བྱ་ཡིན་ནའང་། དབྱར་རྩྭ་རྒུན་འབུས་བསླུ་བྲིད་ཀྱི་འོག་ཏུ་ཕ་སེམས་བུ་ཡིས་བསླུ་བའམ། བུ་མགོ་ཕ་མས་གཡོག་པ། གཉེན་ཉེ་ལ་ངོ་སོ་མེད་པ་དང་། ཕུ་ནུ་ལ་གུ་ཡངས་མེད་པ། གྲོགས་པོ་ལ་ཕྱི་ཐག་བྲལ་པས། ཕ་ཡུལ་གྱི་དབྱར་ཟླ་བཞི་བ་རྩོད་གླེང་དང་ཁ་མཆུ་ཡིས་ཁེངས་ཤིང་། ཡུལ་མི་ཚོའི་རྒྱུ་འབྲས་འབུ་ལ་བརྗེས་ཚར་བས། རྒན་མགོ་དཀར་མལ་ལས་ཉལ་ཐབས་མེད་ཅིང་། གཞོན་སོ་དཀར་ཁྱིམ་དུ་འདུག་ཐབས་མེད་པར། སློབ་མ་སློབ་ལ་མི་ཞུགས་པར། བཙུན་པ་སྒར་ནས་མི་སྡོད་པའི་ཚ་ཚ་འུར་འུར་གྱི་ལས་འགུལ་ཆེན་མོ་ཞིག་རེད།
  ལོ་རེའི་དབྱར་ཟླ་བཞི་བ་ནི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་གལ་ཆེན་ཞིག་ཡིན་ལ། ང་རང་སློབ་གྲྭ་རུ་འདུག་འདོད་ཀྱི་འདུན་པ་ཇི་འདྲ་ཆེ་ནའང་ཨ་ཕའི་སེམས་ཁོང་གི་དབྱར་རྩྭ་དགུན་འབུའི་རིན་གོང་ངའི་སློབ་འབྲས་ལས་བླ་ལྷག་གིས་མཐོ་བས། ངས་ཀྱང་འཛིན་བདག་ལ་གནང་ཞུ་རྫུན་མ་རེ་བྲིས་ཏེ་ཕ་ཡུལ་དུ་དབྱར་རྩྭ་བརྐོ་རུ་སོང་། དབྱར་རྩྭ་དགུན་འབུའི་རིན་གོང་འཕར་བ་དང་བསྟུན་ནས་འབྲོག་པ་མང་ཚོགས་ཀྱི་དྭངས་གཙང་གི་སེམས་པ་འབུ་ཡིས་དྲུས་པ་བཞིན་རྒྱུད་ཀྱི་སྙིང་རྗེ་དང་བྱམས་སེམས། དཀྱེལ་ཡངས་དང་བཟོད་སྒོམ། ཆོག་ཤེས་དང་གོང་བཀུར། འཆམ་མཐུན་དང་ཐུགས་གཤིན་རྩ་བ་ནས་བཅོམས་ཏེ་འདོད་རྔམ་དང་ཧམ་སྲེད། བདག་འཛིན་དང་ཁ་རྩོད་ཀྱིས་ཀུན་ནས་བསླངས་ཏེ། རྒྱང་རིང་སློབ་གྲྭ་འགྲིམས་པའི་བུ་ཆུང་བདག་གི་སེམས་པའང་འབུ་ལ་ཆགས་ཤིང་སྒོར་ལ་སྲེད་པའི་ཁར། ཤེས་རིག་སྦྱོང་འདོད་ཀྱི་ཡི་ག་ནི་ཆད། སློབ་གྲྭར་འདུག་འདོད་ཀྱི་འདུན་པ་ནི་ཟད། ལོ་རེའི་དབྱར་ཟླ་བཞི་བར། ངས་ཉིན་མཚན་ཀུན་ཏུ་སློབ་གྲྭ་ན་ཁྱེད་ཐོན་པར་སྒུག་ཡོད། གནང་ཞུ་རྫུན་མ་བཟོ་བར་གྲ་སྒྲིག་བྱས་ཡོད། དབྱར་རྩྭ་དགུན་འབུ་འཐུ་བར་སྟ་གོན་བྱས་ཡོད།
  ལོ་དེར། བདག་གིས་དགེ་རྒན་ལ་གནང་ཞུ་རྫུན་མ་ཇི་ལྟར་བྲིས་ཀྱང་འཛིན་བདག་གྲུང་པོ་དེས་ངས་ཁོ་ལ་རྫུན་ལབ་པ་ཤེས་ནས་སློབ་གྲྭར་གནང་བ་ཞུ་མ་ཐུབ། སྐབས་དེར། ང་རང་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྒང་ལ། ཁྱེད་རང་འཇབ་འཇབ་ཏུ་སློབ་གྲྭའི་ལྟག་སྒོར་འབྱོར་ནས། "གླེན་ཕྲུག ཁ་སང་ང་ཤི་ཐལ་ཞེས་རྫུན་ལབ་ན་མི་ཆོག་གམ"ཞེས་བདག་ལ་བློ་གསལ་རེ་བཏང་བ་ན་ངས་ཀྱང་གནང་ཞུ་དེ་ལྟར་བྲིས་པ་ཡིན།
ཅི་འདྲའི་རྫུན་གཏམ་སྐྱིད་པོ་ཅིག  ཅི་འདྲའི་རྫུན་གཏམ་གོ་ཆོད་ཅིག
ཀུ་ཤུའི་ཁ་པར།
  དགེ་སློབ་ཚོས་ངའི་མིང་ལ་ཀུ་ཤུའི་ཁ་པར་ཞེས་བཏགས་པ་ནི་དངུལ་ལོ་ཚེ་རིང་ཐོགས་པའི་རྗེས་ཀྱི་གཅེས་མིང་གསར་བ་ཞིག་ཡིན་ལ། གཅེས་མིང་འདི་དུས་རབས་ཀྱི་འཁོར་ཤུགས་དང་བརྡ་འཕྲིན་གྱི་འཕེལ་རིམ་དང་བསྟུན་ནས་བཏགས་པ་ཞིག་ཡིན། དེ་ལའང་དབྱར་རྩྭ་དགུན་འབུ་དང་འབྲེལ་བ་དམ་ཟབ་ལྡན་ཞིང་ཨ་ཕའི་བརྩེ་སེམས་ལའང་བསྙོན་དུ་མེད་པའི་འབྲེལ་བ་ཡོད་ཤག་ཤག་ཡིན། ཅིའི་ཕྱིར་ཞེ་ན། ང་རང་མཐོ་འབྲིང་དུ་བུད་པ་ནས་བཟུང་། གནང་ཞུ་རྫུན་མ་ཞུས་ཏེ་དབྱར་རྩྭ་བརྐོས་པའི་ཡོང་སྒོ་ཐམས་ཅད་ཨ་ཕས་ཟུར་གཅིག་ཀྱང་གཞུང་བཞེས་མ་བྱས་པར་བདག་ལ་སྤྲད་པ་དང་། ངས་ཀྱང་འཆར་གཞི་ཡོད་པའི་སྒོ་ནས་རང་ལ་ཁ་པར་རེ་ཉོས་པ་ཡིན། ཁ་པར་ནི་བདག་ལ་མཚོན་ན་རོལ་རྩེད་རྩེ་སྤྱད་དང་། དྲ་སྦྲེལ་བྱེད་སྤྱད། སྐད་འཕྲིན་རྩེད་སྤྱད་བཅས་མེད་དུ་མི་རུང་བའི་སློབ་མའི་ཡོ་བྱད་རྩ་ཆེན་ཞིག་ཡིན། ནམ་རྒྱུན་དྲྭ་བ་འདྲ་མིན་ལ་ཞུགས་ཤིང་གློག་རྡུལ་རོལ་རྩེད་ལ་འཇུག་དུས་ཁ་པར་སྤུས་དག་ཅིག་ངེས་པར་མཁོ་བས་ཨ་ཕས་ང་ལ་ལོ་རེར་ཀུ་ཤུ་རྟགས་ཅན་གྱི་ཁ་པར་རེ་ཉོས་ཏེ་སྟེར་བས་ན་དགེ་སློབ་ཚོས་ངའི་མིང་ལ་ཀུ་ཤུའི་ཁ་པར་ཞེས་བོས།
  ཀུ་ཤུའི་ཁ་པར་ཡོད་པ་ནས་བཟུང་། སྐད་འཕྲིན་དང་པོད་འཕྲིན་གྱི་དྲྭ་གྲོགས་ཇེ་མང་དུ་ཕྱིན་ཅིང་། དྲྭ་ལྡོམ་དང་དྲྭ་འབུ་ཡང་མི་ཉུང་པ་ཞིག་ཆགས་འདུག དུས་དེ་ནས་བཟུང་། ཉིན་མོར་ཟས་ཀྱི་ཡི་ག་ཆད་སོང་། མཚན་མོར་གཉིད་ཀྱི་བདེ་བ་འཕྲོག་སོང་། དགེ་རྒན་གྱི་སློབ་ཁྲིད་སྐབས་སུ། སློབ་གསེང་གི་རྩེད་འཇོ་བར་ན། ཕུ་ནུ་ཡི་ལྷན་འཛོམས་ཁྲོད་ན། མི་ཚོགས་ཀྱི་འདུ་འགོད་ཀློང་ན། ཐ་ན་བཟའ་འཐུང་དང་གཅིན་སྐྱག་འདོར་བའི་དུས་སུའང་ཁ་པར་དང་འབྲལ་མ་མྱོང་། དེ་བས། ཁ་པར་ནི་བདག་གི་རྫོགས་མཐའ་བྲལ་བའི་འཚོ་བའི་ལོངས་སྤྱོད་ཅིག་ཏུ་གྱུར་ཅིང་བདེ་སྐྱིད་ཀྱི་སྒོ་མོ་འབྱེད་པའི་གསེར་གྱི་སྒོ་མོ་ཞིག་དང་མཚུངས། སྒོ་མོ་དེར་ཚུད་པ་ནས་བཟུང་ང་རང་མུན་ནག་གི་ཞིང་ཁམས་ཤིག་ཏུ་མགོ་གཡོམ་འཁོར་ཅིང་སློབ་སྦྱོང་གི་འདུན་པ་རྩ་བ་ནས་ཆད་སོང་།
  ཡིན་ནའང་ང་རང་ཕ་ཡུལ་དུ་ལོག་ཐེངས་རེར། ཨ་ཕས་ང་ལ"ཁྱོད་རང་སློབ་གྲྭར་འགྲོ་བ་ལས་ཕ་ས་མ་མོ་བྲང་འདྲ་བོར་བདག་བྱོས། བདག་བྱས་དང་བདག་པོ་ཁྱོད་ཡིན། འབྲོག་ས་ཁ་ཚང་མ་རྒྱུ་ཡིན།ས་འོག་ཐམས་ཅད་གཏེར་ཡིན"ཞེས་བཤད་པ་ན། ངའི་སེམས་སུ་མངར་སྐྱུར་འདྲེས་མའི་དྲོད་ཐིག་ཅིག་རྒྱས་ཏེ་ཨ་ཕའི་ཞལ་གསུང་སེམས་ཀྱི་གཏིང་རིམ་དུ་ཉར། ཨ་ཕའི་རྒྱུ་ནོར་ཟེར་བ་གཙོ་བོ་དབྱར་རྩྭ་དགུན་འབུ་བསྟན་པ་ཡིན་ལ། ངས་ཀྱང་ཀུ་ཤུའི་ཁ་པར་དང་དབྱར་རྩྭ་དགུན་འབུ་གཉིས་ལ་དུས་མཉམ་དུ་བཀའ་དྲིན་ཞུ་མུས་སུ་ཡོད། ད་དུང་ཨ་ཕའི་འབུ་དང་བུ་ལ་བཅངས་པའི་བརྩེ་སེམས་རྣལ་མ་དེ་ལའང་བཀའ་དྲིན་ཞུས་པ་ཡིན།
  ཕ་རྒན་ལགས། ཁྱོད་ཀྱིས་བདག་གི་འཚར་ལོངས་ཀྱི་ཞིང་ས་རུ་ཡང་དག་པའི་ཀུན་སྤྱོད་ཀྱི་བརླན་བཤེར་མ་དྲངས་པ་ཡིན་ན། བདག་གི་ཤེས་རིག་གི་སྦྱང་སྟོབས་ཇི་འདྲ་མཐོ་ཡང་། ཁྱོད་ཀྱི་རྒྱུ་ནོར་གྱི་འབྱོར་བ་ཇི་འདྲ་ཆེ་ཡང་། ང་ནམ་ཡང་རྩེ་མོ་དགུང་ལ་ཟུག་ཅིང་རྩ་བ་ས་ལ་མ་ཚུགས་པའི་སྡོང་སྐམ་ཞིག་སྟེ། འཇོན་ནུས་ཀྱི་ལོ་འདབ་རྒྱས་མི་སྲིད་ལ་གཞན་ཕན་གྱི་བསིལ་གྲིབ་གཡོགས་མི་ནུས་པས། ང་རང་འཚར་ལོངས་ཀྱི་རྐང་རྗེས་རེ་རེ་ན་ཁྱོད་དང་དབྱར་རྩྭ་དགུན་འབུས་ཕབ་པའི་ནག་ཐིག་རེ་རེ་ཡོད་ལ། ང་རང་ནར་སོན་གྱི་དཀྱོགས་ལམ་རེ་རེ་ན་ཁྱོད་ཀྱིས་བརྩེ་བ་ལ་བཅངས་པའི་ནོར་འཕྱུག་གི་གོལ་འཛོལ་རེ་རེ་ཡོད་པས། དེ་རིང་ངས་ཕ་ཤུལ་བུ་ཡིས་ཟིན་པའི་རྫ་ལུང་གི་སྨག་རིམ་ཀློང་ནས་ཁྱེད་ལ་འཁང་ར་ཐེངས་ཤིག་བྱེད། དེ་རིང་ངས་བུ་འདང་འབུ་ལ་བརྗེས་པའི་གཏམ་རྒྱུད་ཀྱི་ཁྲོད་ནས་ཁྱེད་ལ་ལེ་བདའ་ཐེངས་ཤིག་བྱེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1