གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༥ཚེས་༢༤ཉིན།

༄༅། མཚོ་མཐའི་ཟིན་བྲིས།

                               

  བླ་རི་གྲགས་ཅན་དང་བླ་མཚོ་གྲགས་ཅན་སོགས་དད་པས་བསྐོར་བ་ནི་ངེད་བོད་པ་ཚང་གི་རྒྱུད་ལ་སིམ་པའི་དད་འདུན་གཙང་མ་ཞིག་གམ་གོམས་སྲོལ་ཞིག་ཏུ་ངེས་ཏེ། དཔེར་ན། རྟ་ལོར་གངས་བསྐོར་ལ་འགྲོ་བ་དང་ལུག་ལོར་མཚོ་བསྐོར་ལ་འགྲོ་བ། སྤྲེལ་ལོར་བྲག་བསྐོར་ལ་འགྲོ་བ་ལྟ་བུ་སོགས་སོ། དད་པ་དེ་དང་དག་སྣང་དེའི་དབང་གིས་ད་ལོ་ཡང་བོད་ཡུལ་ཆོལ་ཁ་གསུམ་གྱི་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་རང་རང་གི་ཤ་གསེང་རུས་གསེང་ལ་འཐིམ་པའི་དད་པའི་དབུ་ཞྭ་གཙུག་ལ་མནབས་ཏེ་དུངས་པའི་སྐ་རགས་སེམས་ཀྱིས་བསྡམས་ནས་སོ་སོ་ནས་ལམ་དུ་ཆས་ཏེ་མཚོ་མོའི་བྲང་གཞུང་ལ་བཅར་གྱིན་འདུག  ང་ཡང་དེ་དག་གི་གྲས་ཀྱི་གཅིག་ཡིན་ཆོག་ལ་མིན་ཡང་ཆོག  གང་ལྟར། རང་སེམས་ལ་བརྐོས་པའི་འཆར་གཞི་དེའི་སླད་དུ། ད་ལོའི་དབྱར་གནང་གི་གོ་སྐབས་བཟང་པོ་དམ་དུ་བཟུང་སྟེ་ལམ་ལ་ཆས་པ་ཡིན། མཚོ་སྐོར་པའང་རིགས་འགའ་རུ་དགར་ཆོག་སྟེ།  ལུས་ཀྱི་ཡན་ལག་དད་པས་བརྐྱངས་ཏེ་ཕྱག་བསྐོར་དུ་འགྲོ་བཞིན་པ་ནི་དང་པོ་རེད།  རྐང་བའི་འདེགས་འཇོག་ཡིད་ཀྱིས་བསྒྱུར་ཏེ་རྐང་ཐང་དུ་འགྲོ་བཞིན་པ་ནི་གཉིས་པ་རེད། མིག་གི་ལོངས་སྤྱོད་གང་དགར་སྤྱོད་ཀྱིན་རྐང་འཁོར་གྱིས་འགྲོ་བཞིན་པ་ནི་གསུམ་པ་རེད། གཞན་ཡང་མྱུར་མོ་རླངས་འཁོར་གྱི་བདེ་སྣང་བསྟེན་པ།  མགྱོགས་མོ་འཕྲུལ་རྟ་ཡི་བང་རྩལ་འགྲན་པ།  ཚོགས་པ་དང་ཚོགས་པས་འགྲོ་བ།  སྡེ་བ་དང་འཚོ་བས་བསྐོར་བ་སོགས་བསྐོར་ཚུལ་དང་བསྐོར་སྟངས་མི་འདྲ་བ་རིགས་སྣ་ཚོགས་སུ་སྣང་ལ་ང་རང་ཉིད་ནི་དེའི་ནང་གི་རིགས་གསུམ་པར་གཏོགས་སོ།

  ངས་ནི་མཚོ་མཐའི་རི་བྲག་ཡོད་ཚད་ལ་ཐོད་པ་གཏུགས་འདོད་པ་མིན་ལ། མཐོང་ཚད་ལ་མཆོད་པ་བཤམས་འདོད་པ་དེ་བས་ཀྱང་མིན་ཏེ། གང་ཡིན་ཞེས་ན་རང་གི་ཕ་སའི་ཕྱི་ནང་ལ་མིག་མྱུལ་ཞིག་གམ་སེམས་མྱུལ་ཞིག་བྱེད་འདོད་པ་ཡིན་ལ།  མཚོ་མོའི་ཆག་འཇིག་དང་གནས་སྟངས་ལ་སེམས་ཤིག་གླན་འདོད་པ་ཙམ་ཡིན། མཚོ་མོ་ནི་གཡང་གི་རུ་མ་ལྟེམས་པའི་འོ་མ་དཀར་ཡོལ་གང་ངམ། དངོས་གྲུབ་ཤག་ཤག་འཁྱིལ་བའི་བདུད་རྩི་པུ་ཙེ་གང་ཡིན། ལོ་འདི་འགར།  སྲེད་པའི་འགྲམ་ཆུ་ལྷུག་ལྷུག་ཅན།  དུངས་པའི་ཨ་ལོང་ལྡེམ་ལྡེམ་ཅན། དགའ་བའི་ངག་ཚིག་གྲིམ་གྲིམ་ཅན།  ཧམ་པའི་མིག་ཟུང་རིག་རིག་ཅན། ཡོད་ཚད་ནས་ཡོད་ཚད། མཚོ་མོའི་ཕོར་ཁར་རུབ་སྟེ། ཅི་ཞིག་ལེན་འདོད་ཀྱི་མིག་ཟུང་གཏིང་ནས་རིག་རིག  གང་ཞིག་ཐོབ་འདོད་ཀྱི་ལག་ཟུང་ཁུག་མར་ཀྲིག་ཀྲིག  ཡི་དྭགས་དང་བཀྲེས་སྐོམ་ལོས་ཡིན་འདོད་པའི།  དྲི་ཟ་དང་ལྟོ་འཆེ་ལོས་ཡིན་འདོད་པ་དག་ལ། ཚིག་གི་མདུང་སྣེ་རེ་བསྣུན་ཏེ། དོན་གྱི་རྨ་ཁ་རེ་བཟོ་འདོད་པ་ཙམ་ཡིན།

  སྔོན་བྱོན་མཁས་པའི་གསུང་སྒྲོས་སུ།  འདི་ནི་ནམ་མཁའི་བུ་མོ་སྔོ་བསང་མ། །ས་གཞིའི་ཕུན་ཚོགས་ཉམས་སུ་མྱོང་སླད་དུ། །ཆུ་བོའི་གཟུགས་ཀྱིས་ཐང་ལ་བབས་པ་དེར། །མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ཞེས་སུ་གྲགས་ཞེས་གསུང་པ་བཞིན། གཡུ་མཚོའི་ཕྱི་ནང་གི་མཛེས་པ་ཉམས་སུ་མྱངས་ཏེ་དོན་སྣོད་ཀྱི་དཀར་རག་སེམས་སུ་བྱུགས་པས་ཀྱང་སྣང་བའི་མཁའ་ལ་འཇའ་འོད་སྒོར་མོར་བཀྲ་ཞིང་། ཡིད་ཀྱི་ངོས་སུ་དད་འདུན་ཟླུམ་པོར་ཆགས་ངེས་ཞེས་སུས་ཀྱང་ཐོས་མྱོང་ངེས།

  བོད་པ་ཞེས་པ་ནི་དངོས་ནས་དད་པས་དེད་པའི་སེམས་ཅན་ཁྱུ་ཞིག་ཏུ་ངེས་ཏེ། མགོ་བོ་སྒུར་ནས་མདུན་ཕྱོགས་སུ་བརྩོན་པས་བསྐྱོད་ཀྱིན་འདུག  ཕྱག་ཕྲེང་བགྲང་ནས་ཡིག་དྲུག་གི་གྲངས་ཀ་བསགས་ཀྱིན་འདུག མཚོ་བསྐོར་ཞེས་པ་ནི་མིག་གི་ལོངས་སྤྱོད་ཅིག་དང་འཚོ་བའི་དགོས་མཁོ་ཞིག་ཏུ་མི་བསམ་པར།  ཡིད་ཀྱི་འགན་འཁྲི་ཞིག་དང་རེ་བའི་སྨོན་འདུན་ཞིག་ལས་ཅི་ཡང་མིན་པ་འདྲ།  མཚོ་མོའི་ཁ་ཞེང་རྡོག་པས་འཇལ་ཏེ་ཡིད་ཀྱི་འཆར་གཞི་སྣོད་ལ་བསྡུས་རྗེས། རང་གི་གོ་རིག་ཐོས་གསུམ་ཁ་ཚང་ཞིག་ཀྱང་བཤད་མི་ཤེས་པའི་སྣང་ཚུལ་འདིས་ཅི་ཞིག་མཚོན་ནམ། 

  རླབས་ཀྱིས་སྐྱོམས་ཤིང་རླབས་ཀྱིས་དེད་པའི་མཚོ་མོའི་འདུ་འགོད་འདིས། འཇིག་རྟེན་མི་རྟག་པའི་ངོ་བོར་གྲུབ་པའི་ཆོས་ཉིད་ཅིག་འཆད་ཀྱིན་ཡོད་པ་འདྲ་ལ། འཚོ་བའི་ཆག་འཇིག་དང་ལས་ཀྱི་ཐང་གཤོང་མི་སྙོམས་པའི་གནས་ལུགས་ཤིག་ཀྱང་འབྲི་བཞིན་ཡོད་པ་འདྲ།  ལྷ་སྒྲུང་དང་ངག་རྒྱུན་གྱི་དབྱིངས་སུ་འཁྱིལ་བའི་གཡུ་མཚོ་འདི།  གཤིན་རྗེ་ཆོས་ཀྱི་རྒྱལ་བོས་མི་ཡུལ་ལ་བརྡལ་བའི་གཡུ་ཡི་མེ་ལོང་ཞིག་ཡིན་ནམ། འཇིག་རྟེན་ལས་འབྲས་ཀྱིས་མི་ཡུལ་ལ་སེམས་ཀྱིས་བྱོ་བའི་མིག་ཆུ་ཡིན།  གང་ལྟར།  མཚོ་མོས་འོ་དོད་ཀྱིས་གྱེར་བའི་དྲི་བ་རེ་རེས། ངའི་ལུས་ངག་ཡིད་གསུམ་གྱི་རི་བོ་སལ་བར་གཤགས་ལ། ངའི་དོན་ལྔ་སྣོད་དྲུག་གི་མཚོ་མོ་རླབས་ཀྱིས་འཕྱུར་སོང་། མཚོ་མཐའ་འདི་ནས། མི་བུ་ཅི་ཙམ་གྱི་རྐང་བར་སོས་མེད་ཀྱི་རྨ་ཁ་བཞག་ཅིང་། མི་བུ་ཅི་ཙམ་གྱི་སྙིང་ལ་བརྗེད་མེད་ཀྱི་ན་ཟུག་བསླངས་སོང་བ་གསལ་བོ་མི་དྲན་ཡང་། རླབས་ཀྱིས་ཆོས་ཉིད་ཀྱིས་དེད་པའི་བདག་གི་སེམས་པར། ལན་གདབ་དཀའ་བའི་དྲི་བའི་མདའ་མོ་ཞིག་ཡང་ཡང་བབས་ཏེ།  གསལ་ལན་བསྐྱོན་དགོས་པའི་གལ་ཆེན་དེ་ཡང་ཡང་འཆད་སོང་། མཚོ་སྙིང་མ་ཧཱ་དེ་བ།  བྱ་གླིང་མཚེར་བ་རི། འདྲེ་མོའི་བྲག་དཀར། སུ་ཞིག་གིས་ཞབས་ཀྱིས་བཅགས་པའམ། གང་ཞིག་གིས་བྱིན་གྱིས་བརླབས་པའི་གནའ་ཤུལ་དེ་དག   འཇིག་རྟེན་གྱི་ལོངས་སྤྱོད་ལ་ཞེན་པའི་མིག་ཟུང་སྐམ་པའི་ངོ་གདོང་དག་དང་འདྲ་བར།  རང་རང་གི་ཧམ་སེམས་ཀྱི་ཁུག་མ་བཟེད་འདུག་པར་བལྟས་ན། འཇིག་རྟེན་སྲེད་པའི་ཡུལ་ལ་ལྷིང་འཇགས་ཀྱིས་འཁྱིལ་བའི་བདེན་དོན་ཞིག་མེད་པ་ཚོར་ལ། ཁུ་སིམ་མེར་གཉིད་འདུག་པའི་དངོས་གཟུགས་ཤིག་ཀྱང་མེད་པ་ཚོར་ཡོང་། 

     ང་མཚོ་མཐའ་ནས་ཡར་འགྲེང་སྟེ། མཚོ་མོའི་རྦ་རླབས་དྲག་སར་ཅེར་ཏེ། མཚོ་མོའི་གསེར་ཉ་མང་སར་བལྟས་ནས། མགྲིན་པ་གསལ་ནས་ཀི་རིང་ཞིག་བཏབ་ན་འདོད་ཀྱང་། ངག་སྒོ་ཁྱོན་ནས་ཕྱེ་མ་སོང་བས། ཁ་རོག་གེར་མགོ་བོ་སྨད་ནས་ཕྱིར་ལོག་པ་ཡིན། ལམ་བར་ནས་ངའི་སེམས་སུ་ཅི་ཞིག་མ་འགྲུབ་པའམ་གང་ཞིག་མ་འཁྱོངས་པའི་ཚོར་བས་ཡང་ཡང་གཙེས་ཡོང་། །

39.7K

རྩོམ་ཡིག་རྗེས་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1