༄༅།། རྒན་པ་རྣམས་ཀྱི་ཁྲིམས་མཐུན་ཁེ་དབང་འདི་དག་ལ་སྲུང་སྐྱོབ་བྱེད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-01


དཔེ་མཚོན་དང་པོ།
  རྒྱུ་ནོར་བགོ་བཤའ་བརྒྱབ་པ་ཆ་སྙོམས་མ་ཡོང་བའི་དབང་གིས་ཕ་མར་སྙོར་སྐྱོང་མི་བྱེད་པ།
  ཉེ་ཆར། ཨ་ཁུ་བཟོད་པ་བཟའ་ཟླ་གཉིས་ཀྱིས་རང་གི་བུ་ཆེ་བ་ཚེ་རིང་དོན་གྲུབ་ཁྲིམས་ཁང་ལ་གཏུགས། ཨ་ཁུ་བཟོད་པ་བཟའ་ཟླ་གཉིས་ལ་བུ་ཕྲུག་བཞི་ཡོད་པ་དང་། ད་ལྟ་ཚང་མ་རང་རང་སར་འཚོ་བ་རོལ་བཞིན་ཡོད། བུ་ཕྲུག་གཞན་པ་གསུམ་གྱིས་ཁོ་གཉིས་ལ་སྙོར་སྐྱོང་བྱེད་པ་ཧ་ཅང་བཟང་མོད། འོན་ཀྱང་བུ་ཆེ་བ་ཚེ་རིང་དོན་གྲུབ་ཀྱིས་ཉེ་བའི་ལོ་འགའི་རིང་ཁོ་བཟའ་ཟླ་གཉིས་ལ་བདེ་སྡུག་ཅིག་ཀྱང་དྲིས་མ་མྱོང་བས། ད་ལྟ་ཁྲིམས་ཁང་ལ་གཏུགས་ནས་བུ་ཆེ་བས་ཁོ་གཉིས་ལ་ཟླ་རེར་སྒོར200ཡི་འཚོ་བའི་ཁ་གསབ་སྟེར་དགོས་པའི་རེ་བ་འདོན་གྱིན་ཡོད། ཚེ་རིང་དོན་གྲུབ་ཀྱིས་ཁྲིམས་རའི་ནང་བཤད་རྒྱུར། ལོ་འགའི་སྔོན་ཕ་མ་གཉིས་ཀྱིས་ཁྱིམ་ཚང་གི་རྒྱུ་ནོར་བགོ་བའི་སྐབས་སུ། རྒྱུ་ནོར་ཚང་མ་ནུ་བོ་གཉིས་ལ་བྱིན་ཏེ་ཁོར་གཅིག་ཀྱང་ཐོབ་མེད་པས། གནད་དོན་དེ་ཐག་བཅད་རྗེས་ད་གཟོད་སྙོར་སྐྱོང་གི་གནད་དོན་གླེང་དགོས་ཚུལ་བཤད། ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས། ཚེ་རིང་དོན་གྲུབ་ཀྱིས་ཕ་མ་གཉིས་ལ་ཟླ་རེར་སྒོར་200ཡི་སྙོར་སྐྱོང་དངུལ་སྟེར་དགོས་པར་ཐག་བཅད།
  བཅའ་ཁྲིམས་ཀྱི་ཁུངས་ལུང་།
     ཐོག་མར་གསལ་པོར་བཤད་དགོས་པ་ཞིག་ནི། ཕ་མར་སྙོར་སྐྱོང་བྱེད་པ་དང་ཁྱིམ་ཚང་གི་རྒྱུ་ནོར་བགོ་བ་གཉིས་ནི་གཏན་ནས་མི་འདྲ་བའི་བཅའ་ཁྲིམས་ཀྱི་འབྲེལ་བ་གཉིས་རེད། ཕ་མར་སྙོར་སྐྱོང་བྱེད་རྒྱུ་ནི་བུ་ཕྲུག་རྣམས་ཀྱིས་ལག་བསྟར་བྱེད་དགོས་པའི་ཁྲིམས་བཀོད་ཀྱི་འོས་འགན་བླ་ན་མེད་པ་ཞིག་ཡིན་པས། དེ་ནི་རྒྱུ་ནོར་གྱི་གནད་དོན་དང་འབྲེལ་བ་གང་ཡང་མེད་ལ། ཁྱིམ་ཚང་གི་རྒྱུ་ནོར་བགོ་བ་ནི་ཁྱིམ་ཚང་ནང་གི་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་པ་ལ་གོ་བས། མི་ལུས་དང་འབྲེལ་བ་གང་ཡང་མེད། དུས་རྒྱུན་གྱི་འཚོ་བའི་ཁྲོད། རྒན་པ་མང་པོ་ཞིག་གིས་བུ་ཕྲུག་རྣམས་ལ་ཁྱིམ་ཚང་བགོ་སྐབས། ཁྱིམ་ཚང་གི་རྒྱུ་ནོར་ཡོད་ཚད་བགོ་བཤའ་བརྒྱབ་རྗེས། རང་ཉིད་ཀྱི་རྗེས་ཕྱོགས་སུ་འཚོ་བ་བུ་ཕྲུག་ལ་བརྟེན་པའི་གོམས་སྲོལ་ཆགས་ཡོད། དེ་ལྟར་བྱས་ན་བུ་ཕྲུག་རྣམས་ཀྱི་སེམས་ལ་ཁྱིམ་ཚང་གི་རྒྱུ་ནོར་བགོ་བ་དེ་ནི་ཕ་མར་སྙོར་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་འདོད་ཀྱིན་ཡོད། བུ་ཕྲུག་ཁ་ཤས་ཤིག་གིས་ཕ་མས་རྒྱུ་ནོར་བགོས་པའི་མང་ཉུང་ལ་བལྟ་བ་དང་ཡང་ན་རྒྱུ་ནོར་བགོས་པ་དྲང་གཞག་མིན་པར་ཁ་གཡར་ཏེ། སྙོར་སྐྱོང་གི་འོས་འགན་འཁུར་མི་འདོད་པ་རེད། བསམ་བློ་གཏོང་སྟངས་དེ་རིགས་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་མོད། འོན་ཀྱང་གནས་ཚུལ་དེ་རིགས་ཀྱིས་ཁྱིམ་ཚང་ནང་གི་འགྲིག་མཐུན་ལ་གནོད་པ་ཆེན་པོ་བཟོས་དང་བཟོ་བཞིན་ཡོད། འདི་རུ་རྒན་པ་རྣམས་ལ་གྲོས་གཞི་ཞིག་འདོན་རྒྱུ་ནི། ཁྱིམ་ཚང་གི་རྒྱུ་ནོར་བགོ་བཤའ་རྒྱག་པའི་སྐབས་སུ། དྲང་སྙོམས་དང་དྲང་གཞག་ཡོང་བའི་ཐད་དོ་སྣང་བྱེད་དགོས་པར་མ་ཟད། བུ་ཕྲུག་རྣམས་ལ་ཅི་ཞིག་ལ་དེ་ལྟར་བགོ་བཤའ་རྒྱག་པའི་སྐོར་གྱི་འགྲེལ་བཤད་བརྒྱབ་སྟེ། ཁྱིམ་ཚང་ནང་ལ་རྩོད་གཞི་འབྱུང་བ་གཡོལ་དགོས།

དཔེ་མཚོན་གཉིས་པ།
  ཡང་བསྐྱར་གཉེན་སྒྲིག་བྱེད་སྐབས་བུ་ཕྲུག་ལ་བསམ་བློ་བརྗེ་རེས་བྱེད་རྒྱུ་གལ་ཆེ།
    ཨ་ཁུ་སྦྱིན་པའི་བཟའ་ཟླ་སྔ་མོ་ནས་ཚེ་ལས་འདས་པས། ཁོས་དཀའ་ལས་མང་པོ་མྱངས་ཏེ་བུ་གཉིས་ཀ་སྙོར་སྐྱོང་བྱས་ཤིང་། ད་ལྟ་ཚ་བོ་ཚ་མོ་མང་པོ་སྐྱེས་ཡོད། ལོ་ཚོད་ཇེ་ཆེར་སོང་བ་དང་བསྟུན་ནས།ཨ་ཁུ་སྦྱིན་པར་ཡང་བསྐྱར་གཉེན་སྒྲིག་འདོད་ཀྱི་བསམ་ཚུལ་བྱུང་བར་མ་ཟད་ད་རུང་རང་ཉིད་དང་སེམས་ཁམས་མཐུན་པའི་མཛའ་མོ་ཞིག་ལའང་ཐུག ཡིན་ནའང་གཉེན་སྒྲིག་པའི་ཐོ་འགོད་གྲ་སྒྲིག་བྱེད་པའི་སྐབས་སུ། བུ་གཉིས་ཀྱིས་བཀག་འགོག་ཚབས་ཆེན་བྱས་པ་དང་། བུ་གཉིས་ཀར་གྲོས་འཆམ་མ་བྱུང་བའི་གནས་ཚུལ་འོག་ཨ་ཁུ་སྦྱིན་པས་བུ་གཉིས་ཀྱི་ཁར་མ་ཉན་པར་གཉེན་སྒྲིག་བྱས། དེ་ནས་བཟུང་བུ་གཉིས་ཀྱིས་ཕ་རྒན་ལ་སྙོར་སྐྱོང་མི་བྱེད་པ་རེད།
  ཐབས་ཟད་འུ་ཐུག་གི་གནས་ཚུལ་འོག ཨ་ཁུ་སྦྱིན་པས་ཁྲིམས་ཁང་ལ་གཏུགས་ནས། བུ་གཉིས་ཀྱིས་ཁོའི་གཉེན་འབྲེལ་དེ་ཁས་ལེན་དགོས་པར་མ་ཟད་ད་རུང་ཟླ་རེར་སྒོར300ཡི་སྙོར་སྐྱོང་གྲོན་དངུལ་སྟེར་དགོས་པའི་རེ་བ་བཏོན།
  བཅའ་ཁྲིམས་ཀྱི་ཁུངས་ལུང་།
   གཉེན་སྒྲིག་རང་དབང་གི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ནི་རྒན་པ་རྣམས་ཀྱི་གཞི་རྩའི་དབང་ཆའི་ཁྲོད་ཀྱི་གཅིག་ཡིན།
  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱབ་ཁབ་གཉེན་སྒྲིག་བཅའ་ཁྲིམས།》  ཀྱི་དོན་ཚན30པའི་ནང་དུ“བུ་ཕྲུག་གིས་ངེས་པར་ཕ་མའི་གཉེན་སྒྲིག་དབང་ཆར་བརྩི་འཇོག་བྱེད་དགོས་པ་ལས། ཕ་མ་ཡང་བསྐྱར་གཉེན་སྒྲིག་པ་དང་ཡང་ན་གཉེན་བསྒྲིགས་རྗེས་ཀྱི་འཚོ་བར་ཐེ་གཏོགས་བྱེད་མི་ཆོག་པ་དང་། བུ་ཕྲུག་གིས་ཕ་མར་སྙོར་སྐྱོང་བྱེད་པའི་འོས་འགན་དེ་ནི། ཕ་མའི་གཉེན་སྒྲིག་འབྲེལ་བར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་མཚམས་བཞག་ཆོག་པ་ཞིག་གཏན་ནས་མིན”པ་གཏན་འཁེལ་བྱས་ཡོད། གཏན་འཁེལ་འདིས་ཕ་མའི་གཉེན་སྒྲིག་འབྲེལ་བར་འགྱུར་ལྡོག་ཅི་འདྲ་བྱུང་ནའང་། བུ་ཕྲུག་གིས་འཁུར་འོས་པའི་སྙོར་སྐྱོང་འོས་འགན་སྔར་བཞིན་འཁུར་དགོས་པ་གསལ་པོར་བསྟན་ཡོད་མོད། འོན་ཀྱང་དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་འུ་ཐུག་གི་བྱ་བ་མང་པོ་འབྱུང་བཞིན་ཡོད། རྒན་པ་ཁ་ཤས་ཀྱི་གཤིས་ཀ་གྱོང་བོ་ཡིན་པའི་དབང་གིས་ཡང་བསྐྱར་གཉེན་སྒྲིག་སྐབས་བུ་ཕྲུག་ལ་བསམ་བློ་བརྗེ་རེས་མི་བྱེད་པར་རང་འདོད་ལྟར་བསྒྲུབས་པ་ནི་ཁྱིམ་ཚང་ནང་གི་རྩོད་གཞིའི་འབྱུང་རྐྱེན་དུ་གྱུར་ཡོད་པས། འདིར་རྒན་པ་རྣམས་ལ་དྲན་སྐུལ་ཞིག་བྱེད་རྒྱུ་ནི། ཁྱིམ་ཚང་གི་ནང་དུ་དགོས་མེད་ཀྱི་རྩོད་གཞི་མི་འབྱུང་བའི་ཆེད་དུ། ཡང་བསྐྱར་གཉེན་སྒྲིག་སྐབས་བུ་ཕྲུག་རྣམས་ལ་གྲོས་མོལ་དང་བསམ་བློ་བརྗེ་རེས་བྱེད་རྒྱུ་ནི་གལ་ཆེའོ།།
  དཔེ་མཚོན་གསུམ་པ།
  ཕ་མ་ཁ་ཁར་བཏང་ནས་སྙོར་སྐྱོང་བྱེད་པ།
         ཨ་ཁུ་རྒྱ་མཚོར་བུ་གཉིས་ཡོད་ལ། གཉིས་ཀས་རང་རང་སར་ཁྱིམ་ཚང་བཅོས་ཏེ་འཚོ་བ་རོལ་བཞིན་ཡོད། ལོ་འགའི་སྔོན་དུ། ཨ་ཁུ་རྒྱ་མཚོ་བཟའ་ཟླ་གཉིས་ཀྱིས་རང་འགུལ་སྒོས་བུ་གཉིས་ལ་གྲོས་མོལ་བྱས་ཏེ། བུ་ཆེ་བས་ཕ་རྒན་ལ་སྙོར་སྐྱོང་བྱེད་རྒྱུ་དང་། བུ་ཆུང་བས་མ་རྒན་ལ་སྙོར་སྐྱོང་བྱེད་རྒྱུ་མ་ཟད། གཉིས་ཀས་རང་རང་གི་སྙོར་སྐྱོང་བྱ་ཡུལ་ལ་ཚེ་ལས་འདས་རག་བར་དུ་སྙོར་སྐྱོང་བྱེད་པ་ལས། སུས་ཀྱང་སུ་ལ་སུན་སྣང་མི་བཟོ་བའི་གྲོས་འཆམ་བཞག ན་ནིང་གི་ལོ་སྟོད་དུ། ཨ་ཁུ་རྒྱ་མཚོའི་བཟའ་ཟླ་ཚེ་ལས་འདས་པར་འདས་མཆོད་ཀྱི་འགྲོ་རིམ་ཡོངས་རྫོགས་བུ་ཆུང་བས་བསྒྲུབས། ཅང་མ་འགོར་བར་ཨ་ཁུ་རྒྱ་མཚོ་ཡང་ནད་ཀྱི་དབང་གིས་སྨན་ཁང་དུ་འདུག་དགོས་བྱུང་བས། སྔ་གཞུག་ཏུ་སྒོར་ཁྲི2ལྷག་གི་འགྲོ་སྒོ་བཏང་། ཨ་ཁུ་རྒྱ་མཚོས་བུ་ཆུང་བར་སྨན་ཡོན་ཁ་ཤས་ཀྱི་འགན་འཁུར་དགོས་པའི་རེ་བ་བཏོན་པ་ན། བུ་ཆུང་བས་སྙོར་སྐྱོང་གྲོས་འཆམ་སྟེང་གསལ་པོ་བྱས་ཡོད་པར་བཤད་དེ་ཁས་མ་བླངས་པ་རེད། ཐབས་བཀོད་མེད་པའི་གནས་ཚུལ་འོག ཨ་ཁུ་རྒྱ་མཚོས་བུ་ཆུང་བ་ཁྲིམས་ཁང་ལ་གཏུགས་ནས་སྨན་ཡོན་གྱི་འགན་འཁུར་རྒྱུ་དང་ད་རུང་སྙོར་སྐྱོང་གི་འོས་འགན་འཁུར་དགོས་པའི་རེ་བ་བཏོན། ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས། ཨ་ཁུ་རྒྱ་མཚོའི་རེ་བར་རྒྱབ་སྐྱོར་བྱས།
  བཅའ་ཁྲིམས་ཀྱི་ཁུངས་ལུང་།

  ཐོག་མར། བཅའ་ཁྲིམས་ཀྱི་ཚད་གཞིའི་སྟེང་ནས་བཤད་ན།“ཕ་མ་ཁ་ཁར་བཏང་ནས་སྙོར་སྐྱོང་བྱེད་པའི”བྱ་སྤྱོད་འདི་ནི་རྒན་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འགལ་ཡོད་ལ། དམངས་ཁྲིམས་སྤྱི་སྲོལ་གྱི་སྟེང་དུའང་བཅའ་ཁྲིམས་དང་འགལ་བའམ་ཡང་ན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འགལ་བའི་དམངས་དོན་བྱ་སྤྱོད་དེ་དག་ནི་ནུས་པ་མེད་པ་གཏན་འཁེལ་བྱས་ཡོད། དེ་ནས་ད་རུང་རྒན་པའི་དམིགས་བསལ་གྱི་དགོས་མཁོ་སྟེང་ནས་བཤད་ན། ཁ་ཁར་བཏང་ནས་སྙོར་སྐྱོང་བྱེད་པའི་བྱ་སྤྱོད་དེ་ནི་བྱེད་ཐབས་བཟང་པོ་ཞིག་གཏན་ནས་མིན། རྒན་པས་ལོངས་སྤྱོད་བྱེད་ཆོག་པའི་བསམ་བློའི་སྙོར་སྐྱོང་དབང་ཆའི་ནང་དུ། རྗེས་རབས་པ་རྣམས་ཀྱི་བརྩི་བཀུར་དང་སྙོར་སྐྱོང་། སེམས་ཁུར་སོགས་ཐོབ་དགོས་པ་འདུས་ཡོད་ལ། བཟའ་ཟླའི་བར་གྱི་བསམ་བློ་བརྗེ་རེས་དང་ཕན་ཚུན་ལ་རོགས་སྐྱོར་བྱེད་པའི་དབང་ཆའང་འདུས་ཡོད། ལོ་ངོ་བཅུ་ཕྲག་འགའི་རིང་ལ་མཉམ་འགྲོ་མཉམ་འདུག་བྱེད་པའི་བཟའ་ཟླ་གཉིས་ཁ་ཁར་བཏང་རྗེས། ཁོ་ཚོའི་བསམ་བློ་དང་བརྩེ་དུང་གི་སྟེང་དུ་གནོད་འཚེ་མི་ཉུང་བ་ཐེབས་ཀྱིན་ཡོད་པ་དང་། རྒན་པ་རྣམས་ལ་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དང་ཡི་མུག་པ། སེམས་ལ་འཚུབ་ཆ་ལངས་པ་སོགས་ཀྱི་གནས་ཚུལ་འབྱུང་སླ་བས། དེས་ཁོ་ཚོའི་ལུས་ཕུང་བདེ་ཐང་དང་ཚེ་མཇུག་གི་བདེ་སྐྱིད་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱིན་ཡོད། དེ་བས་འདི་རུ་བུ་ཕྲུག་རྣམས་ལ་དྲན་སྐུལ་ཞིག་བྱེད་རྒྱུ་ནི། རང་ཉིད་ལ་སྟབས་བདེ་བཟོ་བའི་ཆེད་དུ་རྒན་པའི་བརྩེ་དུང་གི་དགོས་མཁོར་བསམ་བློ་མི་གཏོང་བར་ཁ་ཁར་བཏང་ན་མི་འགྲིག་གོ།

               《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1