༄༅།། ཤྭ་བ་མཆུ་དཀར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-01


  ཤྭ་བ་མཆུ་དཀར། མིང་གཞན་ལ་ཤྭ་དམར་ཡང་ཟེར། མཆུ་ཏོའི་མཐའ་སྐོར་དང་མ་མགལ་མདོག་དཀར་པོ་ཡིན་པས་མིང་དེ་ལྟར་ཆགས། ལྗིད་ཚད་ལ་སྤྱི་རྒྱ་200ཡན་དང་གཟུགས་པོའི་རིང་ཚད་ལ་སྨི་1.55ནས་སྨི་1.9ཡོད། ཕོའི་རིགས་ལ་ཤྭ་རྭ་ཡོད་ཅིང་སྤྱིར་བཏང་དུ་ལྔ་ཚེབ་ཡོད་ཅིང་། དྲུག་ཚེབ་ཡོད་པ་ནི་ཅུང་ལོ་མཐོ་ཤོས་ཅན་ཡིན། མོ་ལ་རྭ་ཅོ་མེད། གྲང་ངར་ཆེ་བའི་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཡིན། ཤྭ་རྭ་དང་ཤྭ་ཁྲག་སོགས་སྨན་རྫས་རྩ་ཆེན་གྱི་རིགས་སུ་གཏོགས་པས་སྙན་གྲགས་ཆེ་ཞིང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་ཡིན། ཤྭ་བ་མཆུ་དཀར་གྱི་སྤུ་མདོག་ལ་དབྱར་དང་དགུན་ལ་ཁྱད་པར་ཡོད་དེ། དགུན་དུས་སུ་སྤུ་སྦོམ་ཞིང་མཐུག་པ་དང་སྐྱེས་ཚུལ་ཀྱང་དྲང་ཐད་ཀྱིས་སྐྱེས་ནས་སྤུ་མགོ་ཅུང་འཁྱིལ་ཡོད། དབྱར་དུས་སུ་སྤུ་སྲབ་ཅིང་ཞིབ་མོ་ཡིན།
  ཤྭ་བ་མཆུ་དཀར་ནི་མདོ་དབུས་མཐོ་སྒང་གི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་ནུབ་རྒྱུད་དང་བོད་ལྗོངས་ཀྱི་ཤར་རྒྱུད་དུ་འཚོ་ཞིང་མཚོ་ངོས་ལས་མཐོ་ཚད་སྨི་3000ནས་སྨི་5000གི་ནགས་ཁྲོད་དང་རྩྭ་ཐང་དུ་འཚོ་བ་རོལ་གྱིན་ཡོད། ཁྱུ་བསྒྲིགས་ནས་འགྲོ་ཞིང་སྐྱེ་འཕེལ་དུས་རིམ་མ་གཏོགས་ཕོ་མོ་མཉམ་འགྲོགས་ཀྱི་འཚོ་བ་མི་སྐྱེལ་ལ། ཁ་ཟས་གཙོ་བོར་རྩྭ་ལྗང་ཡིན་ཞིང་ནགས་ལྕང་དང་ཤིང་སྟག་མ་སོགས་རྩི་ཤིང་གི་ལོ་མའང་ཟས་སུ་ཟ་ལ་དཔྱིད་དང་དབྱར་གྱི་དུས་སུ་ཚྭ་བལྡག་པའི་གོམས་སྲོལ་ཡང་ཡོད། ཁ་ཟས་འཚོལ་བའི་དུས་ཚོད་ནི་ཞོགས་པའི་དུས་དང་ས་སྲོས་ཀྱི་དུས་སུ་འཚོལ་ཞིང་ཉིན་དཀར་ལྷིང་འཇགས་ཀྱི་ས་ནས་ངལ་གསོ་བ་ཡིན། དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ས་མགོ་མཐོ་སར་འགྲོ་ཞིང་ཟླ་དགུ་བ་ནས་བཅུ་བའི་སྐབས་སུ་རིམ་བཞིན་ཇེ་འཁྱག་ཏུ་སོང་ན་ཕྱིར་དམའ་སར་འབབ་པ་ཡིན། ལོ་གཅིག་ལ་སྦྱོར་སྤྲོད་ཐེངས་གཅིག་རེ་བྱེད་ཅིང་སྦྱིག་པའི་དུས་སྐབས་ནི་སྤྱིར་བཏང་དུ་ཟླ་དགུ་བ་ནས་བཅུ་བའི་ནང་ཡིན་ལ་མངལ་སྦྲུམ་པའི་དུས་ཚོད་ཟླ་བ་བརྒྱད་ནས་དགུ་ཡིན། ཕོ་རྣམས་ལོ་གཉིས་ཀྱི་སྟེང་ནས་རྭ་སྐྱེས་ཤིང་ལོ་གསུམ་ལ་བུད་ན་ཉིས་ཚེབ་སུམ་ཚེབ་ཏུ་དབྱེ་ནས་སྐྱེས། མོ་རྣམས་ལོ་གསུམ་གྱི་ཐོག་ནས་ཕྲུ་གུ་སྐྱེས་མགོ་རྩོམ་ཞིང་ཕོ་རྣམས་ནི་ལོ་ལྔ་ལ་བུད་ན་ད་གཟོད་སྦྱོར་སྤྲོད་བྱེད་པ་ཡིན། ཕོ་རྣམས་ཀྱིས་ལོ་གཅིག་ལ་རྭ་ཅོ་ཐེངས་གཅིག་རེ་བརྗེ་བ་ཡིན། མོ་གཅིག་གིས་ལོ་གཅིག་ལ་ཤེའུ་གཅིག་རེ་མ་གཏོགས་བཙའ་བཞིན་མེད། ཚེ་ཚད་ཕལ་ཆེ་བ་ལོ་ཉི་ཤུ་ཡས་མས་ཡིན།
  ཤྭ་བ་མཆུ་དཀར་ནི་རང་རེའི་རྒྱལ་ཁབ་ན་མ་གཏོགས་མེད་པའི་རི་སྐྱེས་སྲོག་ཆགས་དཀོན་པོའི་རིགས་ཤིག་ཡིན་པ་དང་དེའི་ཁྲག་རྭ་དང་ཤ་རུས། མཁལ་མ། ཚིལ། རླིག་འབྲས། རྔ་མ། བུ་རོགས་བཅས་ནི་བོད་སྨན་རྩ་ཆེན་གྱི་གྲས་ཡིན་པས་སྲུང་སྐྱོབ་བྱེད་པའི་དོན་སྙིང་གལ་ཆེན་ལྡན།

  རྩད་ཞིབ་བྱས་པ་ལྟར་ན་རི་དྭགས་རྔོན་པ་སོགས་ཀྱི་དབང་གིས་ཤྭ་བ་མཆུ་དཀར་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ནས་ད་སྔ་ཆིག་ཁྲི་ཙམ་ལས་མེད་པས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་སྐྱོང་བེད་སྤྱོད་ཀྱི་སྲིད་ཇུས་དང་འཆར་བཀོད་འཐེན་ནས་སྐྱེ་ཁམས་མ་ལག་གི་རང་བྱུང་སྲུང་སྐྱོབ་ཁུལ་ནས་ཤྭ་བ་མཆུ་སྐྱའི་རིགས་ལ་སྲུང་སྐྱོབ་བྱེད་དགོས་ལ། རྔོན་རྒྱག་བྱེད་པ་གཏན་འགོག་དང་ཁྲག་རྭ་ལེན་པ་རྩ་བ་ནས་འགོག་དགོས་ཡོད།། 

              སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1