༄༅།། བོར་དངོས་མི་གཞན་གྱིས་བཙོངས་ན་ཇི་ལྟར་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-29


【གྱོད་དོན】
        ཉིན་འགའི་སྔོན་དུ་ངའི་ལག་ཁྱེར་ཁ་པར་ཤེས་མེད་ཚོར་མེད་ངང་བོར་བརླག་བྱུང་ལ། ཕྱིས་སུ་བསམ་ཡུལ་ལས་འདས་པ་ཞིག་ལ་ལག་ཁྱེར་ཁ་པར་དེ་རང་གི་ལས་གྲོགས་ཀླུ་འབུམ་གྱིས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་མཐོང་། ངས་ལས་གྲོགས་གཞན་མེད་པའི་གོ་སྐབས་ཤིག་དང་བསྟུན་ནས་ཀླུ་འབུམ་ལ་ཁོས་ད་ལྟ་བཀོལ་བཞིན་པའི་ལག་ཁྱེར་ཁ་པར་སྔོན་ཆད་ང་རང་ཉིད་ཀྱིས་ཉོས་པ་དེ་ཡིན་ལ་རྗེས་སུ་བོར་སོང་བ་སོགས་གསལ་བཤད་བྱས་པར་མ་ཟད། ཕྱིར་ང་ལ་སྟེར་བའི་རེ་བ་བཏོན་མོད། ཡིན་ནའང་ཀླུ་འབུམ་གྱིས་བཤད་རྒྱུར། ལག་ཁྱེར་ཁ་པར་འདི་ཁོས་བཀྲ་ཆེ་གེ་མོའི་ལག་ནས་སྒོར་80བྱིན་ནས་ཉོས་པ་ཡིན་པས། ཅིའི་ཕྱིར་སྟེར་དགོས་ཟེར་ནས་རེ་བ་དང་ལེན་མ་བྱས།
【གྱོད་དོན་དབྱེ་ཞིབ།】
        དམངས་ཁྲིམས་གཞུང་ལུགས་ཀྱི་འབྲེལ་ཡོད་གཏན་ཁེལ་ལ་གཞིགས་ན། བཀྲ་ཆེ་གེ་མོས་མི་གཞན་གྱི་དངོས་པོ་རྙེད་རྗེས་རང་ཉིད་ཀྱིས་བདག་བཟུང་བྱས་པ་དེ་ངན་སེམས་བཅངས་ཏེ་ཁྲིམས་འགལ་སྒོས་བདག་བཟུང་བྱས་པའི་ཁོངས་སུ་གཏོགས་པར་མ་ཟད། ཁྲིམས་འགལ་སྒོས་བདག་བཟུང་བྱས་པའི་དངོས་པོ་མི་གཞན་ལ་བརྒྱུད་སྤྲོད་བྱས་པ་དེ་ཁྲིམས་འགལ་བརྒྱུད་སྤྲོད་ཀྱི་ཁོངས་སུ་གཏོགས། ཡིན་ན་ཡང་། གལ་ཏེ་ཀླུ་འབུམ་གྱིས་བརྒྱུད་སྤྲོད་དང་ལེན་བྱེད་དུས་དོན་དངོས་ཀྱི་གནས་ཚུལ་མི་ཤེས་ལ་ལུགས་མཐུན་གྱི་རིན་གོང་ཡང་སྤྲད་ཟིན་ན། ཁྱོད་ལ་ཀླུ་འབུམ་གྱིས་ལག་ཁྱེར་ཁ་པར་ཕྱིར་སྟེར་བར་རེ་བ་འདོན་པའི་དབང་ཆ་མེད་མོད། འོན་ཀྱང་དངོས་པོ་རྙེད་མཁན་བཀྲ་ཆེ་གེ་མོ་ལ་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་བའམ་ཡང་ན་ལག་ཁྱེར་ཁ་པར་ཕྱིར་ལེན་པའི་འགན་འཁྲི་འཁུར་དུ་འཇུག་པར་རེ་བ་འདོན་པའི་དབང་ཆ་ཡོད། གཞན་ཡང་། ཀླུ་འབུམ་གྱིས་གནས་ཚུལ་མཐའ་དག་ཤེས་པ་ཡིན་ན། རིན་གོང་མ་ལུས་པར་སྤྲད་ཟིན་ནའང་ཁྱོད་ལ་ཁོས་ལག་ཁྱེར་ཁ་པར་ཕྱིར་སྟེར་བར་རེ་བ་འདོན་པའི་དབང་ཆ་ཡོད་དོ།། 

    རམས་ཚེ་བྷོ་དང་སྐལ་བཟང་རྒྱལ་གྱིས་སྒྲིག་སྒྱུར་བྱས་པའི་《གྱོད་དོན་དབྱེ་ཞིབ་ཆིག་བརྒྱ་མ།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1