༄༅།། སློབ་ཆུང་སློབ་མ་སློབ་གྲྭ་ནས་ཕྱིར་འཕུད་ཆོག་གམ།

རྩོམ་སྒྲིག་པ།ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-29


【གྱོད་དོན】
         ང་ནི་གྲོང་སྡེ་ཞིག་ཏུ་ཞིང་ལས་གཉེར་བཞིན་པའི་ཞིང་པ་དཀྱུས་མ་ཞིག་ཡིན་ལ། ངའི་བུ་ནི་སྡེ་བ་དེའི་སློབ་ཆུང་གི་ལོ་རིམ་ལྔ་བའི་སློབ་མ་ཡིན། ཁོ་ཆུང་དུས་ནས་ཧ་ཅང་པྲ་ཚགས་ཡིན་པས་སློབ་གྲྭ་རུ་དུས་རྒྱུན་སློབ་གྲོགས་གཞན་པར་ཐུབ་ཚོད་དང་སློབ་གྲྭའི་རྒྱུ་ནོར་ལ་གཏོར་བརླག་བྱེད་བཞིན་ཡོད་པས། དགེ་རྒན་གྱིས་ཐེངས་དུ་མར་སྐྱོན་བརྗོད་བཏང་བར་མ་ཟད་ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པ་སོགས་ཀྱི་ཆད་པ་བཅད་མོད། འོན་ཀྱང་ཁོས་དེ་དག་ལ་དོ་སྣང་སྤུ་ཙམ་ཡང་མ་བྱས། དེའི་རྐྱེན་གྱིས་སློབ་གྲོགས་ཚོ་དང་ཁོ་ཚོའི་ཁྱིམ་བདག དགེ་རྒན་སོགས་ཀྱིས་ངའི་བུ་སློབ་གྲྭ་ནས་ཕྱིར་འཕུད་པར་རེ་བ་ནན་མོ་བཏོན་པས། སློབ་གྲྭས་ཀྱང་གྲོས་བསྡུར་བྱས་མཐར་ཁོ་སློབ་གྲྭ་ནས་འཕུད་པར་ཐག་གཅོད་བྱས། དེས་ན་ངའི་བུ་ཡི་ན་ཚོད་ཆུང་བས་མུ་མཐུད་དུ་སློབ་གྲྭར་ཇི་ལྟར་བསྐྱལ་དགོས་སམ། 
【གྱོད་དོན་དབྱེ་ཞིབ།】
      《འོས་འགན་སློབ་གསོའི་བཅའ་ཁྲིམས།》ཀྱི་དོན་ཚན་4པའི་གཏན་ཁེལ་ལྟར་ན། རྒྱལ་ཁབ་དང་སྤྱི་ཚོགས། སློབ་གྲྭ ཁྱིམ་ཚང་བཅས་ལ་ཁྲིམས་ལྟར་ལོ་ཆུང་བྱིས་པ་དང་ན་གཞོན་རྣམས་ཀྱིས་སློབ་གསོ་མྱོང་བར་ཁག་ཐེག་བྱེད་པའི་འོས་འགན་ཡོད། ཁྱོད་ཀྱི་བྱིས་པ་ནི་འོས་འགན་སློབ་གསོ་མྱོང་བའི་དུས་རིམ་ལ་སླེབས་ཡོད་པས། སློབ་གྲྭར་འོས་འགན་སློབ་གསོ་མྱང་དུ་འཇུག་པ་དང་དེར་ཁག་ཐེག་བྱེད་པའི་འོས་འགན་ཡོད། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་《སློབ་ཆུང་དོ་དམ་སྒྲིག་སྲོལ།》གྱི་དོན་ཚན་15པའི་ཚན་ཆུང་2པའི་གཏན་ཁེལ་ལྟར་ན། སློབ་གྲྭས་སློབ་ཆུང་སློབ་མ་སློབ་གྲྭ་ནས་ཕྱིར་འཕུད་མི་ཆོག སློབ་གྲྭས་ཁྱོད་ཀྱི་བྱིས་པ་སློབ་གྲྭ་ནས་ཕྱིར་ཕུད་དེ་འོས་འགན་སློབ་གསོ་མྱང་དུ་མ་བཅུག་ན་ཁོའི་སློབ་གསོ་མྱོང་བའི་ཁེ་དབང་ལ་བརྙས་བཅོས་བྱས་པ་ཡིན། དེ་བས། ཁྱོད་ཀྱིས་ས་གནས་དེའི་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་ཞུ་གཏུག་བྱས་ཆོག་ལ། ཐད་ཀར་དུ་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཀྱང་ཆོག 
 
 རམས་ཚེ་བྷོ་དང་སྐལ་བཟང་རྒྱལ་གྱིས་སྒྲིག་སྒྱུར་བྱས་པའི་《གྱོད་དོན་དབྱེ་ཞིབ་ཆིག་བརྒྱ་མ།》ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1