༄༅།། གཟིག

རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 08-02


     

        གཟིག་གི་ལུས་སྟེང་དུ་ཐིག་ལེས་ཁྱབ་ཡོད་པས་མིག་ལ་མཛེས་པ་ཞིག་ཡིན། གཟིག་ནི་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་ཏུ་ཁྱབ་ཡོད་པ་ཡིན་ལ་རང་རྒྱལ་གྱི་ས་ཁུལ་མང་པོ་ཞིག་ན་ཡོད། གཟིག་ནི་ལུས་བོངས་ཆེ་ཞིང་གཏུམ་དྲག་ཅན་གྱི་གཅན་གཟན་གྱི་རིགས་ཤིག་ཡིན། གཟིག་ལ་དྲག་ཤུགས་འཛོམས་ཤིང་ལྡེམ་མྱུར་ལྡན་པས་གཟིག་ནི་ཟིལ་ངར་དང་སྟོབས་ཤུགས་ཀྱི་མཚོན་བྱེད་ཡིན། གཟིག་གི་མགོ་བོ་ཆུང་ཞིང་སྒོར་བ་དང་རྣ་བ་ཐུང་ལ་རྣ་རྒྱབ་ནག་པོ་དང་རྣ་རྩ་དང་རྣ་རྩེ་སེར་པོ་ཡིན་ཞིང་ནག་ཐིག་ཨེན་ཙམ་ཡོད། མཆེ་བ་རྣོ་ཞིང་ལྕེ་ངོས་སུ་རྣོ་ངར་ཅན་གྱི་ཤ་འཛེར་མང་པོ་སྐྱེས་ཡོད། ཁ་ཡི་ཡ་ཁ་རུ་གསེག་དབྱིབས་ཀྱི་ཁ་སྤུ་རིམ་བསྟར་དུ་སྐྱེས་ཡོད། དཔྲལ་བ་དང་མིག་འབྲས་ཀྱི་བར་དང་དེའི་གཤམ་དུ་ནག་ཐིག་གིས་ཁེངས་ཡོད། གཟིག་གི་སྤུ་མདོག་མིག་ལ་མཛེས་པ་ཞིག་ཡིན་ཏེ་རྒྱབ་གཞུང་ཁམ་སེར་དང་མ་མགལ་འོག་དང་བྲང་། ལྟོ་བ་དང་སུག་བཞིའི་ནང་ངོས་བཅས་ནི་དཀར་པོ་ཡིན། ལུས་ཧྲིལ་པོར་ཐིག་ལེས་ཁྱབ་ཅིང་མགོ་བོའི་ཐིག་ལེ་ཆུང་ཞིང་ཅུང་མང་།

        གཟིག་ནི་དགོང་མོ་འགུལ་སྐྱོད་བྱེད་པར་དགའ་བ་དང་གཟིག་ལ་གཅན་གཟན་གཞན་དང་མི་འདྲ་བའི་རང་གཤིས་ཤིག་ཡོད་པ་ནི་བརྔོན་དངོས་སུ་བྱུང་བའི་ཁ་ཟས་སྡོང་བོ་མཐོན་པོ་ཞིག་གི་སྟེང་དུ་འཇོག་པ་དེ་ཡིན་ཞིང་དེ་ལྟར་བྱེད་ན་གཅན་གཟན་གཞན་པས་གཟིག་གི་ཟ་འཕྲོར་གྱུར་པའི་ཁ་ཟས་ལོངས་སུ་སྤྱོད་མི་ཐུབ། གཟིག་གི་རྒྱུན་ལྡན་གྱི་ཁ་ཟས་ནི་དགོ་བ་དང་བྱིའུ་ཡིན་ལ་ཕོ་གཟིག་ཞིག་གི་ལྗིད་ཚད་ལ་སྤྱི་རྒྱ་90ལྷག་དང་མོ་གཟིག་ཞིག་གི་ལྗིད་ཚད་ལ་སྤྱི་རྒྱ་70ལྷག་ཡོད། གཟིག་གིས་རང་ཉིད་ལས་ལྡབ་གསུམ་གྱིས་ལྕི་བའི་བརྔོན་དངོས་སྲོག་ཆགས་ཀྱི་རོ་སྡོང་མགོ་རུ་འདྲུད་ཐུབ་པ་ཡིན། གཟིག་ལ་མི་ལས་གཞན་པའི་གཉན་པོ་ཕལ་ཆེར་མེད།

        གཟིག་ནི་སྲོག་ཆགས་ཀྱི་འཇིག་རྟེན་དུ་སེང་གེ་དང་སྟག་གི་འཕྲོའི་བཙན་བདག་ཡ་མེད་ཅིག་ཡིན་ཏེ། ལྡེམ་མྱུར་ལྡན་ལ་རྒྱུགས་རྩལ་མགྱོགས་པ་དང་ཆུ་ལ་རྐྱལ་ཤེས་པར་མ་ཟད་སྡོང་མགོར་འགོ་ནུས་པ་དང་རྣམ་རིག་ཤིན་ཏུ་གྲིམ་པོ་ཡིན་ཞིང་སྣ་ཤེས་དང་རྣ་ཤེས་སྐྱེན་པོ་ཡིན། རིག་པ་རྒོད་ཅིང་ཡིབ་སྦས་ལ་མཁས་པས་སྟག་དང་སེང་གེ་ལ་ཁྱད་ཆོས་འདི་དག་འཛོམས་ཁག་པོ་ཡིན།

        གཟིག་ནི་དགུན་དང་དཔྱིད་དུས་སུ་ཚང་ལ་འགྲོ་བ་ཡིན་ཞིངམངལ་སྦྲུམ་པའི་དུས་ཡུན་ཕལ་ཆེར་ཉི་མ་བརྒྱ་ཡས་མས་ཡིན། ཟླ་བ་གསུམ་པ་དང་བརྒྱད་པར་ཕྲུ་གུ་བཙའ་བ་དང་བཙའ་ཐེངས་གཅིག་ལ་ཕྲུ་གུ་གཉིས་ནས་བཞི་རེ་བཙའ་བ་ཡིན།
        རང་རེའི་བོད་ཀྱི་གཏམ་རྒྱུད་དང་རྩོམ་རིག་ཁྲོད་དུ་གཟིག་ནི་རྟག་བརྟན་གྱི་བརྗོད་བྱ་ཞིག་ཡིན་ཏེ། གཟིག་ལྤགས་བཀབ་པའི་བོང་བུ་ཡིས། ། ལོ་ཏོག་ཟས་མཐར་གཞན་གྱིས་བསད། ། ལྟ་བུ་དང་གཟིག་ལྤགས་ནི་དཔའ་བོའི་དཔའ་དར་གྱི་མཚོན་བྱེད་ཡིན་པ་ལྟ་བུ་སོགས་ཀྱིས་མཚོན་ལ། སྤྱིར་བཏང་དུ་གཟིག་ལ་མིས་ངན་མ་བྱས་ན་ཚུར་མི་རྒོལ་མོད། གཟིག་ལྤགས་ནི་རྩ་ཆེན་ཡིན་པ་དང་གཟིག་ཤ་དང་གཟིག་རུས་སྨན་དུ་འགྲོ་བ་སོགས་ཀྱི་དབང་གིས་མི་རྣམས་ཀྱིས་འཛེམ་བག་མེད་པར་གཟིག་བསད་པ་དང་། ཡང་མི་རྣམས་ཀྱིས་ནགས་ཚལ་གཅོད་དྲགས་པས་གཟིག་གི་འཚོ་གནས་ཁོར་ཡུག་ཇེ་ཆུང་ལ་བཏང་བ་སོགས་ཀྱིས་གཟིག་གི་གྲངས་འབོར་ཇེ་ཉུང་དུ་སོང་ནས་ད་ལྟ་ཚོད་དཔག་བྱས་པ་ལྟར་ན་གཟིག་གི་ཁ་གྲངས་ཉིས་སྟོང་ཙམ་ལས་མེད་ཅིང་གཟིག་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་གཏོགས་པས་ང་ཚོས་སྲུང་སྐྱོབ་བྱེད་པར་དོན་སྙིང་ཆེན་པོ་ལྡན།།
        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།   



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1