༄༅།། སྲོད་དུས་ཀྱི་རྨི་ལམ་སླེ་གང་།

རྩོམ་སྒྲིག་པ།དུར་བྱང་།ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-05


                                
མི་རྣམས་སྒྱུ་རྩལ་དགའ།
ཉི་མར་ལྡེ་བའི་ཨ་ཅག་དེས།
ང་ཡི་དྲན་པ་བརྐུས་སོང་།
མགོ་སྐྲ་ཧ་ཅང་མཛེས།
མིག་གི་མཐའ་ལ་འོད་སྣང་ཞིག
རྟེན་འབྲེལ་གྱི་རྒྱུད་སྐུད་དཀྲོལ་བའི་སྒྲ་དབྱངས་ལ་འཁྲུལ།

ལྷིང་ཞིང་འཇགས་པའི་གནས།
རླུང་བུ་ཡང་མོ་ཞིག་ཀུན་གྱི་ལུས་ལ་སིམ།
ངལ་དུབ་ཀྱི་ཉི་མས་གྱེས་ཕྱག་ཕུལ་རྩིས་ཡིན་ནམ།
མེ་ཏོག་ཟུམ་པའི་སྔ་རྗེས་སུ།
ཅི་ཞིག་བོར་སོང་བ་ལྟར།
སྲང་ལམ་སོ་སོར་འདུར་རྒྱུག་བྱས།
སུ་ཞིག་གིས་ངའི་མིང་ནས་འབོད་ཀྱིན་འདུག
སྤྲོ་སྣང་དང་བཅས།    རྒྱུས་མངའ་ཡོད་པའི་ངང་།
ངས་ཁོ་ལ་ཅི་ཡང་འཆད་མི་སྲིད།
གལ་ཏེ།
འཚུབ་ཆ་མེད་པར་ནང་དུ་ལོག་འོངས་དུས།
ངས་སྒུག་མི་སྲིད །   ང་རང་མི་མཐུད་འགྲོ་དགོས།
མ་གཞིར།
ངས་འགྲོ་མཚམས་བཞག་ཅིང་།
ངས་རང་གི་མིག་མདུན་གྱི་འཚོ་བ་འདི་རོལ་ན་ཆོག
གཏན་དུ་མི་བརྗེད་པ་ཞིག
ལག་མཐུལ་ནས་ཉི་མས་སྐམ་སོང་ན།
ང་རང་ནམ་ཡང་ཁེར་རྐྱང་ཡིན་ན་བསམ།
སྡིག་སྒྲིབ་ཀྱིས་སྤྲིན་པ་མཉེན་ཤུལ་དུ།
བཙལ་ཀྱང་མི་རྙེད་པའི་དུས་ཚིགས་དེར།
ང་ལ་ལྷག་པ་ནི་སེམས་ཁྲལ་ལྷག་མ་ཞིག

ཀྱེ   གཏིང་ཟབ་པའི་གཟུགས་མེད་ཀྱི་སྡུག་བསྔལ་འདི་དག
ད་ལྟ་མུ་གེས་གདུང་བའི་མི་རྣམས་ཀྱི་འདོད་བློ་ཡིན་ནམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1