༄༅།། བྱིས་པའི་ཀླད་སྐྲན་གྱི་མངོན་རྟགས་བདུན།

འབྲུག་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་རླུང་འཕྲིན་དྲ་བ། སྤེལ་དུས། 09-14


        བྱིས་པའི་དབང་རྩའི་མ་ལག་གི་འབྲས་སྐྲན་ནི་བྱིས་པའི་འབྲས་སྐྲན་འབྱུང་ཚད་ཁྲོད་ཀྱི་ཨང་གཉིས་པར་གྱུར་ཡོད་ཅིང་། དེའི་ནང་སྤྱིན་རྫས་སྐྲན་དང་མགོ་གྲེ་སྦུག་སྐྲན། སྐྱེ་འཕེལ་ཕྲ་ཕུང་སྐྲན། དབང་རྩའི་མ་གཞི་ཕྲ་ཕུང་སྐྲན། རྐང་མའི་ཕྲ་ཕུང་སྐྲན་སོགས་ནི་བྱིས་པར་འབྱུང་ཚད་ཅུང་མཐོ་བའི་འབྲས་སྐྲན་ཡིན། བུ་མོ་ལས་བུ་ལ་འབྱུང་ཚད་མཐོ་ཞིང་། ལོ་བཞི་ནས་ལོ་དྲུག་བར་གྱི་བྱིས་པར་འབྱུང་བ་ཡིན།
ཀླད་སྐྲན་འབྱུང་བའི་རྒྱུ་རྐྱེན་ལྔ།
        བྱིས་པའི་དབང་རྩའི་མ་ལག་གི་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་མི་གསལ་མོད། སྤྱིར་བཏང་དུ་རྒྱུད་འདེད་དང་ལུས་སྟེང་དུ་རྨས་ཕོག་པ། སྦགས་བཙོག་སོགས་དང་འབྲེལ་བ་ཡོད་པར་སྙམ། མགོ་ན་བ་དང་སྐྱུགས་མེར་ལངས་བ། སྐྱུགས་པ་བཅས་ནི་དབང་རྩའི་མ་ལག་གི་འབྲས་སྐྲན་གྱི་ནད་རྟགས་གཙོ་བོ་ཡིན་མོད། མིག་སྔར་མི་རྣམས་ཀྱིས་ནད་དེའི་ངོ་བོ་ངོས་མ་ཟིན་པར་ནམ་རྒྱུན་ཆམ་ནད་དམ་ཕོ་རྒྱུའི་གཉན་ཚད་སོགས་ནད་རིགས་གཞན་པར་གོ་བ་བླངས་ནས་གསོ་བཅོས་འགོར་འགྱངས་སུ་གཏོང་བཞིན་ཡོད། གཤམ་གྱི་དོན་ཚན་འགའ་ནི་བྱིས་པའི་དབང་རྩའི་མ་ལག་གི་འབྲས་སྐྲན་འབྱུང་བར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན། 
གཅིག བྱིས་པ་སྐྱེ་འཕྱི་བ། ཕ་མའི་བྱིས་པ་བཙའ་བའི་ལོ་ཚོད་བཞི་བཅུ་ལས་བརྒལ་བ། 
གཉིས། གློག་རླབས་འཕྲོ་འོད། བུད་མེད་རྣམས་སྦྲུམ་མ་ཆགས་པའི་སྔོན་དང་སྦྲུམ་ཆགས་པའི་དུས་སུ་གློག་རླབས་འཕྲོ་འོད་ཀྱི་ཞིབ་བཤེར་བྱས་བ། 
གསུམ། སྔོན་ཆད་འོད་འཕྲོའི་གསོ་གཅོས་བྱས་བ་དང་། ནང་སྒོས་སུ་གསུས་པའི་གནས་སུ་འོད་འཕྲོའི་གསོ་བཅོས་བྱས་མྱོང་བ། 
བཞི། སྦྲུམ་ཆགས་པའི་དུས་སུ་བསྙལ་ཟིན་པའི་ཤ་རིགས་མང་པོ་ཟ་བ་དང་འཚོ་རྒྱུ་བེ་ཧྲིན་སུའུCའདུས་བའི་ཟས་རིགས་ཟ་ཚད་ཉུང་བ། 
ལྔ། རྒྱུན་པར་ཞིང་སྨན་ལ་ཐུག་རེག་བྱེད་པའི་སྐྱེ་ལོ་རན་པའི་བཟའ་ཟླས་བཙས་པའི་བུ་ཕྲུག་ལ་བྱིས་པའི་དབང་རྩའི་མ་ལག་གི་འབྲས་སྐྲན་འབྱུང་སླ། 
བྱིས་པའི་ཀླད་སྐྲན་གྱི་མངོན་རྟགས་འདི་དག་ལ་དོགས་ཟོན་བྱེད་དགོས། 
གཅིག རྒྱུ་རྐྱེན་མི་གསལ་བར་མགོ་ན་བ། 
གཉིས། མགོ་ཇེ་ཆེར་འགྱུར་བ། 
གསུམ། གོམ་པ་འཁྱར་འཁྱོར་ངང་འགྲོ་བ། 
བཞི། འཚར་སྐྱེ་རྒྱུན་ལྡན་མིན་པ། 
ལྔ། མིག་ཤེད་ཉམས་པ། 
དྲུག བརྒྱལ་གཟེར་འབྱུང་བ། 
བདུན། ཆུ་མང་པོ་འཐུང་བ་དང་གཅིན་མང་བ་བཅས་ཡིན། 
བྱིས་པའི་ཀླད་སྐྲན་གསོ་བཅོས་ཀྱི་བྱེད་ཐབས་ཆེན་པོ་གསུམ། 
གཅིག གཤག་བཅོས་བྱེད་ཐབས། གཤག་བཅོས་ནི་ཀླད་སྐྲན་གསོ་བཅོས་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན་ལ། སྐྲན་མང་ཆེ་བ་ཞིག་གཤག་བཅོས་བྱས་པ་བརྒྱུད་ནས་སངས་དྲག་འབྱུང་བ་ཡིན། གཤག་བཅོས་ཀྱི་དམིགས་ཡུལ་གཙོ་བོ་ནི་སྐྲན་བླངས་ཏེ་གསོ་བཅོས་བྱེད་ཐབས་གཞན་དག་ལ་ཕན་ནུས་ཐོན་པར་བྱེད་པ་དེ་ཡིན། གཞན་ཡང་གཤག་བཅོས་ཀྱིས་ན་ལུགས་ངོས་འཛིན་གསལ་བོ་བྱས་ཏེ་འགྱེད་འཕྲོ་གསོ་བཅོས་དང་རྫས་འགྱུར་གསོ་བཅོས་བྱེད་པར་གཞི་འཛིན་ས་ཡང་དག་འདོན་སྤྲོད་བྱེད་པ་ཡིན། 
གཉིས། འགྱེད་འཕྲོ་གསོ་བཅོས། འགྱེད་འཕྲོ་གསོ་བཅོས་ནི་བྱིས་པའི་དབང་རྩའི་མ་ལག་གི་འབྲས་སྐྲན་གསོ་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། བྱིས་པ་མང་ཆེ་བའི་འབྲས་སྐྲན་ལ་འགྱེད་འཕྲོ་གསོ་བཅོས་བྱེད་ཐབས་སྤྱད་ཚེ། གསོ་བཅོས་ཀྱི་ཕན་ནུས་ལེགས་པོ་ཐོན་པར་མ་ཟད། སངས་དྲག་འབྱུང་བའང་ཡོད། 
གསུམ། རྫས་འགྱུར་གསོ་བཅོས། རྫས་འགྱུར་གསོ་བཅོས་བྱེད་ཐབས་འདི་ལའང་གསོ་བཅོས་ཀྱི་ཕན་ནུས་ལེགས་པོ་ལྡན་པས། བྱིས་པའི་ཀླད་སྐྲན་ཀྱི་གསོ་བཅོས་བྱེད་ཐབས་གཙོ་བོ་ཞིག་ཏུ་འཇོག་བཞིན་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1