༄༅།། སྡེ་བའི་ས་ཞིང་མི་གཞན་གྱིས་བཀོལ་སྤྱོད་བྱས་ཆོག་གམ།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-18


【གྱོད་དོན། 】
        ང་ནི་རི་གྲོང་དུ་ཆགས་པའི་ཞིང་སྡེ་ཞིག་གི་མགོ་ཁྲིད་ཀྱི་མིང་ཙམ་འབོད་པ་ཞིག་ཡིན་ལ། 2001ལོའི་ཟླ་6པར། ཁུལ་ཐོག་གི་སོ་ཕག་བཟོ་གྲྭ་ཞིག་གི་འགན་འཁུར་མི་སྣ་ཡིན་ཟེར་བའི་མི་འགའ་ང་ཚོའི་སྡེ་བར་ཡོང་ལ། ཁོ་ཚོས་ངེད་སྡེ་བའི་སའི་ཆགས་དབྱིབས་ལ་རྒྱུས་ལོན་ལེགས་པོ་བྱས་རྗེས། སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་གྲོས་ཀྱང་མི་བྱེད་པར་གང་འདོད་ཀྱིས་སྡེ་བའི་ས་ཞིང་མུའུ་དུ་མ་བདག་བཟུང་བྱས་ཏེ་ཡན་ལག་བཟོ་གྲྭ་ཞིག་འཛུགས་སྐྲུན་བྱེད་འགོ་བརྩམས། སྐབས་དེར་ང་ཚོས་གནས་ལུགས་གང་མང་བཤད་པར་མ་ཟད་བཀག་འགོག་ཀྱང་བྱས་མོད། འོན་ཀྱང་དེ་ལ་འབྲས་བུ་སྤུ་ཙམ་ཡང་མ་བྱུང་། ཕྱིས་སུ་ཁོ་ཚོས་བཙན་ཤུགས་ཀྱིས་བཟོ་གྲྭ་འཛུགས་སྐྲུན་བྱས་ཏེ་ལེགས་འགྲུབ་བྱུང་།
【གྱོད་དོན་དབྱེ་ཞིབ།】
        ཁོ་ཚོའི་བྱ་སྤྱོད་དེ་ཁྲིམས་འགལ་སྒོས་ཞིང་ས་བདག་བཟུང་བྱས་པའི་ནག་ཉེས་ཀྱི་གྲས་སུ་གཏོགས་ཤིང་། རང་རྒྱལ་《ཉེས་ཁྲིམས།》ཀྱི་དོན་ཚན་342པའི་གཏན་ཁེལ་ལྟར་ན། ཁྲིམས་འགལ་སྒོས་ཞིང་ས་བདག་བཟུང་བྱས་པའི་ནག་ཉེས་ནི། ས་ཞིང་དོ་དམ་བཅའ་ཁྲིམས་ལ་འགལ་ནས་རྒྱ་ཁྱོན་ཆེན་པོའི་ས་ཞིང་ཁྲིམས་འགལ་སྒོས་བདག་བཟུང་བྱས་ཏེ་གཞན་གྱི་ཕྱོགས་ལ་བཀོལ་སྤྱོད་བྱས་ནས། ཞིང་ས་ལ་གཏོར་བརླག་ཚབས་ཆེན་བཟོ་བའི་བྱ་སྤྱོད་ལ་ཟེར། ཁྲིམས་འགལ་སྒོས་ཞིང་ས་བདག་བཟུང་བྱས་ཏེ་ཕྱོགས་གཞན་ལ་བཀོལ་སྤྱོད་བྱེད་པ་ཞེས་པ་ནི། ས་ཞིང་དོ་དམ་ཁྲིམས་སྲོལ་ལ་འགལ་ཏེ་མགོ་སྐོར་གྱི་བྱེད་ཐབས་བཀོལ་ནས་ཆོག་མཆན་ལེན་པའམ་ཡང་ན་ཆོག་མཆན་གྱི་ཚད་ལས་བརྒལ་ཏེ་ས་ཞིང་མང་པོ་བདག་བཟུང་བྱས་ནས་བཟོ་གྲྭ་སོགས་འཛུགས་སྐྲུན་བྱེད་པ་ལ་ཟེར། དེ་བས་གྱོད་གཞི་འདིའི་ཁྲོད་ཀྱི་བཟོ་གྲྭ་ག་གེ་མོ་ཞིག་གི་འགན་འཁུར་མི་ཡིན་ཟེར་བའི་མི་དེ་ཚོས་གང་འདོད་ཀྱིས་ཁྱོད་སྡེ་བའི་ས་ཞིང་བདག་བཟུང་བྱས་ཏེ་སོ་ཕག་བཟོ་གྲྭ་བཙུགས་པའི་བྱ་སྤྱོད་དེ་ཁྲིམས་འགལ་སྒོས་ཞིང་ས་བདག་བཟུང་བྱས་པའི་ནག་ཉེས་གྲུབ་ཡོད།  ཁྱིད་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁོ་ཚོ་སྤྱི་བདེ་ལས་ཁུངས་ལ་གཏུག་སྟེ། ཉེས་དོན་འགན་འཁྲི་འཁུར་དུ་འཇུག་པར་མ་ཟད། མུ་མཐུན་དུ་ཁྲིམས་འགལ་སྒོས་ཞིང་ས་བདག་བཟུང་བྱེད་པའི་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་རེ་བ་བཏོན་ཆོག    
                རམས་ཚེ་བྷོ་དང་སྐལ་བཟང་རྒྱལ་གྱིས་སྒྲིག་སྒྱུར་བྱས་པའི་《གྱོད་དོན་དབྱེ་ཞིབ་ཆིག་བརྒྱ་མ།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1