༄༅།། གནས་ཚུལ་ཅི་འདྲའི་འོག་ཨེ་ཛི་མི་འགོ།

རྩོམ་སྒྲིག་པ།ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-20


        དེ་ལ་ང་ཚོས་མི་འགོ་བ་བཅུ་ཞེས་པ་ཞིག་གཏན་ལ་ཕབ་ཡོད་ཅིང་། དེ་དག་ནི་ཁ་ཆུ་དང་སྣ་ཆུ། མིག་ཆུ་དང་རྔུལ་ཆུ། གཅིན་པ་དང་ཁ་རླངས། དྲོད་དང་ཟ་མ། གོན་པ་དང་ཅ་ལག་སོགས་ཡིན་རུང་། དོན་དུ་འདི་བཅུ་ལས་གཞན་གང་ཡང་མེད་པ་རེད་དམ་ཞེ་ན། དེ་ཡང་མ་ཡིན་རུང་། ཞིང་འབྲོག་གི་མང་ཚོགས་ཚོས་ངག་ནས་གྱེར་བདེ་བ་དང་སེམས་ལ་ཉར་བདེ་བའི་ཆེད་དུ་འདི་ལྟར་བསྒྲིགས་བཞག་པ་ཙམ་མོ།། 
        གོང་དག་ལས་མི་སྐྱོན་པ་ཤེས་ཕྲལ།ལམ་སང་གཤམ་གྱི་བྱ་སྤྱོད་དག་གིས་ཀྱང་སྐྱོན་མེད་པ་ང་ཚོས་རིགས་བགྲེ་བར་བྱ་ཐུབ་སྟེ། 
དང་པོ། ཉེན་མེད་བྱ་སྤྱོད་ལས་ཟ་མ་མཉམ་ཟ་བྱེད་པ།
        ཨེ་ཛིའི་ནད་དུག་ཅན་གྱིས་བཟོས་པའི་ཟ་མ་ཟ་བའམ་ཨེ་ཛིའི་ནད་པ་དང་མཉམ་དུ་ཟ་མ་མཉམ་ཟ་བྱེད་པ། ཡང་ན་ཨེ་ཛིའི་ནད་པར་ཟ་མ་གཡོ་སྐོལ་བྱེད་པའམ། ཨེ་ཛིའི་ནད་པས་སྐྱེལ་འདྲེན་བྱས་པའི་ཟ་མ་སོགས་ཀྱིས་གནོད་སྐྱོན་མེད། ཡིན་ནའང་། ཤ་རློན་པ་དང་གྲང་ཚལ་སོགས་ཀྱི་ནང་ཨེ་ཛིའི་ནད་པའི་ཁྲག་སོང་བ་ཁོག་ཏུ་མིད་སྐབས་སོ་རྩ་དང་མུད་པ་སོགས་ན་སྐྱོན་ཡོད་ན་ད་རུང་འགོ་མི་ཐུབ་བམ་ཞེས་དྲིས་ན། ད་རུང་ཁག་ཐེག་ཐུབ་ཅེས་བཤད་མི་ཕོད་རུང་། སྤྱིའི་ཆ་ནས་བཤད་ན་དེ་ལྟར་འགོ་བ་དེ་ཕལ་ཆེར་འབྱུང་མི་སྲིད་པ་ཞིག་ཡིན་ཞིང་། འདི་འདྲའི་དུང་ཆ་གཅིག་གམ་ས་ཡ་ཆ་གཅིག་གི་གནས་ཚུལ་ལ་བསམ་ནས་ཟ་མ་ཟ་སྐབས་ཀྱང་འགོ་འགྲོ་བ་འདྲ་བོ་བཤད་ན་ནི། མ་གཞི་ནི་ལས་དབང་ལ་ཁག་དཀྲི་བྱ་བར་དགའ་བའི་ང་ཚོ་བོད་པ་ཚོས་རྩ་བ་ནས་དོ་སྣང་མི་བྱེད་པ་ཞིག་ཆགས་འགྲོ་བའི་ཉེན་ཁ་ཡོད་ཅིང་། དེས་མ་ཚད་འདི་འདྲའི་སྐད་ཆ་བཤད་ན་སྤྱི་ཚོགས་ཟང་ཟིང་དུ་བསྒྱུར་བའི་ཉེན་ཁ་ཡོད་ལ། སྤྱི་ཚོགས་ཟང་ཟིང་དུ་བསྒྱུར་བར་ཁ་གཡར་ཏེ་ཨེ་འགོག་གི་ལས་ཀ་བསྒྲུབ་ཏུ་མི་འཇུག་པའི་ཉེན་ཁའང་ཡོད་སྲིད་པས། ཅིས་ཀྱང་གཟབ་ནན་སྒོས་ཤེས་བྱ་དྲིལ་སྒྲོག་བྱ་རོགས་ཞེས་ཞུས་པའོ། །  
གཉིས་པ། ཉེན་མེད་བྱ་སྤྱོད་ལས་ལས་ཀ་མཉམ་ལས་བྱེད་པ།
        ཨེ་ཛིའི་ནད་དུག་ཅན་དང་མཉམ་དུ་ཆོས་ཚོགས་སུ་ཞུགས་པ་དང་། ལས་ཀ་སྒྲུབ་པ། སློབ་སྦྱོང་བྱེད་པ། ཚོགས་འདུར་ཞུགས་པ་སོགས་ཀྱིས་ཨེ་ཛི་འགོ་མཆེད་མི་བྱེད། རྒྱུ་མཚན་ཨེ་ཛི་ནི་གློ་གཅོང་དང་ཆམ་པ་སོགས་དང་མི་འདྲ་བར། གང་ཞིག་ན་སུ་ཞིག་གིས་ལུད་པ་འཕངས་ཡོད་པའམ། སུ་ཞིག་གིས་སྦྲིད་པ་ཞིག་བྱས་པ། མི་ཚོགས་མང་ས་ནས་ཁ་རླངས་གཞིབ་པ་ཙམ་གྱིས་ནི་འགོ་བཞིན་མེད། དེའང་ཁྲག་གཤེར་གྱི་སྦྱོར་རེས་མེད་པའི་ཆ་རྐྱེན་འོག་བཤད་པ་ཡིན་གྱི། གལ་ཏེ་གོང་གི་བྱ་འགུལ་ཁྲོད་མི་གཞན་པ་ཞིག་ལ་རྨས་སྐྱོན་ཕོག་པའམ་སྣ་ཁྲག་བྱུང་བའི་ཁྲག་གཤེར་དེ་ཐད་ཀར་ནད་མེད་པའི་མིའི་རྨ་ཁའི་ནང་ལམ་སང་བུད་སོང་བ་ཡིན་ན་འགོ་སྲིད་པའང་ཤེས་དགོས།
གསུམ་པ། ཉེན་མེད་བྱ་སྤྱོད་ལས་མཉམ་དུ་རྩེད་མོ་རྩེད་པ།
        ཨེ་ཛིའི་ནད་དུག་ཅན་དང་མཉམ་དུ་ལག་འཇུ་དང་འཁྱུད་རེས་བྱེད་པ། འགྲིག་ཤོ་འཕེན་པ། ཐ་ན་བདེ་སྲུང་འདུ་ཤེས་དང་སྲུང་སྐྱོབ་ལག་ལེན་ལྡན་པའི་སྒོས། ཨེ་ཛི་ནད་དུག་ཅན་དང་མཉམ་དུ་ཉལ་པོ་བྱེད་པ་སྟེ་བདེ་འཇགས་ལུས་འབྲེལ་བྱས་བཞག་ནའང་། ཨེ་ཛི་ཕལ་ཆེར་འགོ་མཆེད་བྱེད་ཀྱི་མེད། ཡིན་ནའང་། བདེ་འཇགས་ལུས་འབྲེལ་(安全性行为)ཟེར་བ་སྟེ། ལུས་འབྲེལ་གྱི་ཐོག་མཐའ་བར་གསུམ་དུ་སྲུང་ཤུབས་བེད་སྤྱོད་བྱས་པ་དང་། རྒྱུ་སྤུས་ཚད་ལྡན་གྱི་སྲུང་ཤུབས་བེད་སྤྱོད་བྱས་པ། ཚུལ་དང་མཐུན་པའི་སྒོས་བེད་སྤྱོད་བྱས་ན་བརྒྱ་ཆ་བརྒྱ་ཡིས་སྐྱོན་མེད་པས་ཨེ་ཁྱབ་ཟེར་ན། ཁྱབ་ཅེས་བཤད་མི་ཕོད་དེ། དཔེར་ན། གལ་ཏེ་ཨེ་ཛིའི་ནད་པ་དེའི་ལུས་ན་འབྲུམ་ཐོར་གྱིས་ཁྱབ་ཡོད་པའམ། ཨེ་ཛིའི་ནད་པར་འདོད་ཁུ་མང་པོ་བྱུང་བའི་སྐབས་སུ། གཞན་པ་དེར་ཡང་རེག་དུག་དང་པགས་ནད་སོགས་ཡོད་ན་བརྒྱ་ཆ་བརྒྱ་ཡིས་མི་འགོ་ཞེས་སུས་ཀྱང་ཁག་ཐེག་བྱ་ཐུབ་ཀྱིན་མེད། ཡིན་ནའང་། ཕོ་མོའི་ལུས་འབྲེལ་བྱེད་སྐབས་སྲུང་ཤུབས་ནི་ཨེ་ཛི་སྔོན་འགོག་གི་ཡོ་བྱད་ཆེས་གལ་ཆེ་བ་དེ་ཡིན་ལ། ད་བར་དུ་དེ་ལས་ནུས་ཐོན་དང་སྟབས་བདེ་ཡི་ཐབས་ལམ་གཅིག་ཀྱང་ཡོད་པ་མ་རེད།
བཞི་པ། ཨེ་ཛིའི་ནད་པར་རྨུགས་པའི་ཤིག་དང་དུག་སྦྲང་གིས་རང་ཉིད་ལ་རྨུག་པས་ནི་སྐྱོན་མེད་པར་བཤད་རུང་། ཆེད་མཁས་ཤིག་གིས་གསུངས་པ་ལྟར་ན། གལ་ཏེ་མི་ཁ་ཤས་མཉམ་གཅིག་ཏུ་གང་ཞིག་ན་འགྲོ་བཞིན་པའི་སྐབས་ཁྱི་ཞིག་ཤོར་ཏེ་དང་པོ་མི་དེ་དག་ནང་གི་ཨེ་ཛིའི་ནད་པ་དེར་གཅིག་རྨུགས་ཤིང་། དེ་ནས་མུ་མཐུད་དུ་གཞན་པ་དག་ལའང་ཁམ་རེ་ཁམ་རེ་རྨུགས་སོང་བ་ཡིན་ན་ནད་མི་འགོ་ཞེས་ཁག་ཐེག་བྱ་མི་ཕོད་ཅེས་ཟེར།

ལྔ་པ། ད་རུང་ཤེས་དགོས་པ་ཞིག་ལ།དུག་སེལ་ཡག་པོ་བྱས་ཡོད་པའི་སྨན་ཆས་དང་། བརྟག་བཤེར་ལེགས་པོ་བྱས་ཡོད་པའི་ཁྲག་རིགས། ཐེངས་གཅིག་ལས་བེད་སྤྱོད་མི་བྱེད་པའི་ཁབ་མགོ་སོགས་ཀྱིས་ཨེ་དུག་བསྒོ་བཞིན་མེད་པ་ཤེས་དགོས་ལ། དེ་བཞིན་བསྒྲགས་ཀྱང་དགོས་ཀྱི། སྤྱི་ཚོགས་ཟང་ཟིང་དུ་འགྲོ་བའི་ཉེན་ཁ་ཡོད་ལ། ཐ་ན་ཆམ་པ་སོགས་ཀྱིས་ན་ཚེའང་སྨན་པར་སྟོན་མི་ཕོད་པའི་གནས་ཚུལ་ཡང་འབྱུང་སྲིད་པ་ཡིན་ནོ།།

                          ཨེ་འགོག་འཕྲིན་སྟེགས་ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1