ཕྲུ་གུར་ཤུགས་རྐྱེན་ཐེབས་ཆེ་བའི་ཁྱིམ་ཚང་སློབ་གསོའི་རྒྱུ་རྐྱེན་གཙོ་བོ་བཅུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


            ཨ་རིའི་མཁས་དབང་ཞིག་གིས་རྒྱ་ཁྱབ་ཏུ་རྟོགས་ཞིབ་བྱས་ནས་གཤམ་གསལ་གྱི་རྒྱུ་རྐྱེན་གཙོ་བོ་བཅུས་ཕྲུ་གུའི་སློབ་གསོར་ཤུགས་རྐྱེན་ཐེབས་ཆེ་བའི་ཕྱོགས་བསྡུས་བྱས་འདུག
       1༽ ཕྲུ་གུ་ཡོད་སར་ཕ་མ་གཉིས་དབར་ཁ་རྩོད་རྒྱག་མི་ཉན།
       2༽ རང་གཞན་གྱི་ཕྲུ་གུ་ཚང་མར་བཏང་སྙོམས་ཀྱི་བྱམས་བརྩེ་དང་ཤ་ཚ་གནང་དགོས་པ།
       3༽ ཕ་མ་གཉིས་དབར་ཕན་ཚུན་བག་ཡོད་ཁེངས་སྐྱུང་དང་བསམ་ཤེས་ཡོད་དགོས་པ།
  4༽ ག་དུས་ཡིན་ཡང་ཕ་མས་ཕྲུ་གུར་སྐྱག་རྫུན་ཤོད་མི་རུང་བ།
 5༽ ཕ་མ་དང་ཕྲུ་གུའི་དབར་མཛའ་མཐུན་བསྲེས་ལྷད་མེད་པའི་འབྲེལ་བ་རྒྱུན་འཛིན་བྱེད་དགོས་པ།
  6༽ ཕྲུ་གུའི་གྲོགས་པོ་མགྲོན་པོར་ཡོང་སྐབས་ཕ་མས་དགའ་བསུའི་རྣམ་འགྱུར་སྟོན་དགོས་པ།
  7༽ ཕྲུ་གུས་སྟོན་པའི་དོགས་གནད་ལ་ཕ་མས་གང་ཐུབ་ཀྱིས་ལན་འདེབས་བྱེད་དགོས་པ།
 8༽ ཕྲུ་གུའི་གྲོགས་པོའི་མིག་མདུན་དུ་ཕ་མས་རང་ཉིད་ཀྱི་ཕྲུ་གུའི་སྐྱོན་མཚང་འབྲུ་མི་རུང་བ།
  9༽ ཕྲུ་གུར་བལྟ་ཞིབ་དང་ཕྲུ་གུའི་ལེགས་ཆར་བསྟོད་བསྔགས་བྱེད་དགོས་པ་ལས་ཕྲུ་གུའི་སྐྱོན་ཆར་ནན་བཤད་ཐལ་དྲག་རྒྱུ་མེད།
 10༽ ཕྲུ་གུར་འཛིན་པའི་བརྩེ་བ་བརྟན་པོ་དགོས་པ་ལས་ཕྲུ་གུས་བྱ་བ་ཉེས་པར་ལམ་སེང་རླུང་ལངས་མི་ཉན།
        གོང་གི་དོན་ཚན་ཁག་བཅུ་ནི་བལྟ་ན་སླ་བར་མཐོང་སྲིད་ཀྱང་ཁྱིམ་བདག་མང་ཆེ་བས་འཚོ་བ་དངོས་ནང་ལག་ལེན་དུ་འཁྱོལ་དཀའ་བས་ང་ཚོ་ཕྲུ་གུའི་ཁྱིམ་བདག་རྣམས་ཀྱི་རྒྱུན་གཏན་གྱི་གཏམ་སྤྱོད་གཉིས་ནི་ཁྱིམ་ཚང་སློབ་གསོའི་རིགས་ཤིག་ཏུ་ངོས་འཛིན་དགོས། དཔེར་ན་དུས་གང་འདྲ་ཞིག་ལའང་ཕ་མས་ཕྲུ་གུར་སྐྱག་རྫུན་ཤོད་མི་རུང་ཞེས་པ་ནི་ལག་ལེན་དུ་འཁྱོལ་བར་དཀའ་མོད་ཀྱང་ང་ཚོས་ཞིབ་མོའི་བློ་ཡིས་དཔྱད་དགོས་པ་ལས་སྣང་བ་གང་དྲན་གྱིས་སྐད་ཆ་ཤོད་མི་རུང་། ད་ལྟའི་ཆར་ཁྱིམ་ཚང་མང་ཆེ་བ་ནི་བུ་ཕྲུག་གཅིག་རང་གི་ཁྱིམ་ཚང་ཡིན་སྟབས་ཕྲུ་གུའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་གཅེན་གཅུང་མིང་སྲིང་གི་རོགས་ཟླ་མེད་པའི་ཞན་ཆ་དང་། ཁྱིམ་བདག་ནས་ཀྱང་ཕྲུ་གུ་གཞན་དང་འབྲེལ་འདྲིས་ཀྱི་སྐུལ་མ་མི་བྱེད་པའི་སྐྱོན་ཆ་བཅས་ནི་རང་ཉིད་ཀྱི་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་འགལ་རྐྱེན་དུ་འགྲོ་བ་ལས་ཕྲུ་གུའི་ལུས་སེམས་བདེ་ཐང་ཡོང་བའི་སློབ་གསོར་ཕན་ཐོགས་མེད་པས་ཚང་མས་དོ་གལ་ཆེན་པོས་ཡིད་གཟབ་དགོས་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1