༄༅།། སེམས་དང་ལུས་པོ་ཀླད་པ་གསུམ་བར་གྱི་འབྲེལ་བའི་སྐོར་ལས་འཕྲོས་པ།

མི་གསལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-10



        ནང་པ་སངས་རྒྱས་པའི་ཆོས་ནི་དངོས་པོའི་གནས་ཚུལ་ངོ་མ་གཞིར་བཟུང་ནས་དེ་བེད་སྤྱོད་བྱས་ཏེ་རང་གི་སེམས་ལ་ཐོབ་པར་བྱེད་ཐབས་ལག་ལེན་བྱས་པའི་ཆོས་ཤིག་ཡིན། དངོས་པོའི་གནས་ཚུལ་དེ་ལ། ༡.སེམས་དང་འབྲེལ་བ་མེད་པའི་ཕྱི་རོལ་ཡུལ་གྱི་གནས་ཚུལ་དང་། ༢.ཕྱི་རོལ་ཡུལ་གྱི་དངོས་པོའི་གནས་ལུགས་ཤེས་རྟོགས་བྱེད་མཁན་གྱི་སེམས་དང་།  དེ་གནས་སའི་གཞི་རྟེན་ལུས་ཁམས། དེ་གཉིས་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དམིགས་བསལ་ཅན་བཅས་ང་ཚོས་ཤེས་དགོས་པའི་དངོས་པོའི་གནས་ཚུལ་གཙོ་བོ་ཁག་གཉིས་རེད། ཕྱི་རོལ་ཤེས་མཁན་གྱི་སེམས་དེ་དང་། སེམས་དེ་གནས་སའི་རྟེན་ལུས་པོ་གཉིས་ཀྱི་དངོས་ཡོད་གནས་ཚུལ་དེ་གཉིས་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར་ལ། གནའ་རབས་རྒྱ་གར་དུ་ནང་པ་སངས་རྒྱས་ཀྱི་ཆོས་མ་བྱུང་གོང་ནས་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པའི་ནང་ནས་སྐད་གྲགས་ཡོད་པའི་བཤད་ཚུལ་གཅིག་ཡོད་པ་དེ་ནི་ལུས་པོ་དང་སེམས་གཉིས་རྒྱུ་འབྲས་ཡིན་པ་དང་། ལུས་ཞིག་ན་སེམས་གནས་ཐབས་མེད་པ་དང་སྐྱེ་བ་སྔ་ཕྱི་མེད་ཟེར་བའི་བཤད་སྲོལ་དེ་རེད། བཤད་སྲོལ་དེ་དང་དེང་སང་གི་ཚན་རིག་མཁས་པ་མང་ཆེ་བས་ལྟ་ཚུལ་དེ་ཁས་ལེན་གྱི་ཡོད་པས། བཤད་ཚུལ་དེ་ཉེ་རབས་ལོ་བརྒྱ་ཕྲག་གཅིག་གཉིས་ནང་གཞི་ནས་གསར་གཏོད་བྱས་པ་དེ་འདྲ་མིན། 
      སེམས་ཁམས་རིག་པ་དེ་རང་མཚན་དང་སྤྱི་མཚན་གཉིས་ལས། ལུས་སེམས་གཉིས་ཀྱི་འབྲེལ་བའི་སྐོར་ལ།
༡.ནང་པ་སངས་རྒྱས་ཀྱི་གཞུང་མདོ་ཕྱོགས་ནས་བཤད་ཚུལ། ༢. ནང་པ་སངས་རྒྱས་གྱི་གཞུང(རླུང་སེམས་ཤིན་ཏུ་ཕྲ་བ)སྔགས་ཕྱོགས་ནས་བཤད་ཚུལ། ༣. བོད་ཀྱི་གསོ་བ་རིག་པའི་གཞུང་ནས་བཤད་ཚུལ། ༤ .རྒྱ་ནག་གི་ཁབ་གཙག་ཚོར་བྲིད་ཀྱི་རིག་པའི་བཤད་ཚུལ། (ཞར་བྱུང་། དེང་རབས་གྱི་ལུས་ཁམས་གཤགས་གཅོས་བྱས་པའི་གནས་ཚུལ)བཅས་ནང་དོན་ཧ་ཅང་རྒྱ་ཆེ་ཞིང་། དེ་ཚོའི་བཤད་ཚུལ་ཕན་ཚུན་གོ་བསྡུར་བྱས་ན་ཕན་ཚུན་ཁ་སྐོང་གསལ་བཤད་བྱེད་ཐུབ་པའི་ཁྱད་ཆོས་ཡོད། དེ་སྐོར་བཤད་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པོ་ཡོད་པས་ཆུ་ཚོད་གཅིག་གཉིས་དང་། ཉི་མ་གཅིག་གཉིས་ལ་བཤད་ནས་ཚར་ཐུབ་པ་ཞིག་མིན། འོན་ཀྱང་ད་རེས་དུས་ཚོད་མང་པོ་མེད་སྟབས་རགས་བསྡུས་ཙམ་མ་གཏོགས་ཞུ་ཐུབ་ཀྱི་མ་རེད།
 གཅིག སེམས་ཁམས་ཞིབ་འཇུག་གི་གལ་ཆེའི་རང་བཞིན། ནང་པ་སངས་རྒྱས་ཀྱི་མདོ་ལུགས་ཀྱི་གཞུང་ནས་ལུས་པོ་དེ་སེམས་གནས་སའི་རྟེན་ཡིན་པ་ཙམ་ལས་སེམས་ཀྱི་རྒྱུ་མིན་པ་དང་ལུས་སྟོབས་བཟང་ཡང་རིག་པ་མི་གསལ་བ་དང་། དྲན་ཤེས་མི་བརྟན་པ་ཡོད་ལ། ལུས་སྟོབས་ཤོར་བའི་རྒན་པོ་ལོ་ན་བདུན་ཅུར་སླེབས་པ་འགའ་ཞིག་རིག་པ་སྔར་བཞིན་གསལ་བ་དང་། དྲན་ཤེས་བརྟན་པོ་ཡོད། སྒྲུང་མཁན་གྲགས་པ་ལྟ་བུ། ལུས་སྟོབས་འཚར་ལོངས་བྱུང་མ་ཟིན་པའི་བྱིས་པ་ལོ་བཅུ་དྲུག་ལས་མ་སླེབས་ཀྱང་སློབ་གྲྭ་ཆེན་མོ་ཐོན་མཁན་ཡོད་པས་ལུས་པོ་དེ་སེམས་ཀྱི་རྒྱུ་ངོ་མ་མིན། ནས་འབྲས་གྲོ་སྲན་སོགས་དངོས་པོ་དེ་ཚོར་རང་གི་རིགས་འདྲའི་རྒྱུ་མེད་ན། འབྲས་བུ་གཟུང་ཐུབ་ཀྱི་མེད་ན། སེམས་ནི་ཕྱི་རོལ་གྱི་དངོས་ཡོད་ཆོས་ཉིད་ཤེས་རྟོགས་བྱེད་ཐུབ་པ་མ་ཟད། དེ་བེད་སྤྱོད་གཏོང་ཤེས་མཁན་གྱི་དངོས་པོ་སྟོབས་ལྡན་ཞིག་རེད། བསམ་བློའི་སྟོབས་ཤུགས་དེ་ལ་ཕྱི་རོལ་དངོས་པོའི་སྟོབས་ཤུགས་ཆེན་པོ་ག་འདྲ་ཞིག་ཡོད་ཀྱང་དེ་ལ་ཁ་གཏད་གཅོག་པའི་ཐབས་ཤེས་བཀོད་པ་ཤེས་ཐུབ་མཁན་ཞིག་ཡིན། དེང་རབས་རྒྱལ་སྤྱིའི་ཐོག་གི་དཔལ་འབྱོར་འགྲན་བསྡུར་དང་། ཚན་རིག་ལག་རྩལ་གྱི་འགྲན་བསྡུར། ཞི་བདེ་དང་དམག་འཁྲུག་བར་གྱི་འགྲན་བསྡུར་སོགས་ཚང་མ་མཐར་གཏུགས་ན་ཕྱོགས་གཉིས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་ཆུང་གི་འགྲན་བསྡུར་ཡིན། སྟོབས་ཤུགས་ཆེན་པོ་དེ་འདྲ་ཡོད་པའི་དངོས་པོ་སེམས་ཟེར་བ་དེ་ལ་བརྟག་དཔྱད་བྱས་ནས་ལོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པ་མ་ཟད། ལྟ་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་ཡོད་པའི་ནང་ནས་གཙོ་ཆེ་བ་གསུམ་ནི། ༡.ལུས་གློ་བུར་བ་དེ་སེམས་ཀྱི་རྒྱུ་ཡིན་པ་དང་། ལུས་མེད་ན་སེམས་གནས་སའི་རྟེན་མེད་པས་སྐྱེ་བ་སྔ་ཕྱི་མེད་ཟེར་བ། ༢. སེམས་དེ་ལུས་ཀྱི་ཡོན་ཏན་ཡིན་པར་ཁས་ལེན་པ། ༣. ལུས་ཀྱི་རྡུལ་ཕྲན་སེམས་གྱི་རྒྱུ་ཡིན་པ་དང་། དབུགས་དེ་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན་པར་ཁས་ལེན་པ་བཅས་ནི་རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་ཀྱི་ལྟ་བ་ཡིན་ཅིང་། ༤.ནང་པ་སངས་རྒྱས་ཀྱི་ཚོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ནས་སེམས་ཁམས་རྣམ་ཤེས་ཐོག་མར་ཆགས་པའི་གནས་སྙིང་ཁ་ཡིན་པ་དང་། ཤི་བའི་དུས་སུ་རྣམ་ཤེས་སྙིང་ཁ་ནས་ཕྱིར་ཐོན་འགྲོ་བ། སེམས་ཁམས་ཀྱི་དབང་རྟེན་སྙིང་ཁའི་རྩ་ནང་དུ་རྒྱུ་བའི་རླུང་ཁམས་ཕྲ་མོ་ཡིན་པར་ཁས་ལེན་པ། ༥.དེང་རབས་ཚན་རིག་གིས་སེམས་ཁམས་ཀྱི་དབང་རྟེན་ཀླད་པར་གནས་པར་ཁས་ལེན་པ། ༦.བོད་ཀྱི་གསོ་བ་རིག་པའི་ལུགས་ལ། སེམས་ཁམས་ཀྱི་དབང་རྟེན་ཀླད་པ་དང་སྙིང་ཁམས་གཉིས་ཀར་གནས་པའི་བཤད་སྲོལ་བཅས་ཡོད། ལྟ་ཚུལ་ཁག་དེ་དག་གི་ནང་ནས་སྔ་མ་གསུམ་པོ་དེ་ལས་རྗེས་མ་གསུམ་པོ་དེ་རིམ་བཞིན་ཆ་ཚང་བ་དང་ཕུན་སུམ་ཚོགས་པ་ཡོད།
 གཉིས། སེམས་ཁམས་རིག་པའི་ཞིབ་འཇུག་གི་འཕེལ་རྒྱས། སེམས་ཁམས་ཀྱི་དབང་རྟེན་ཀླད་པ་ཁོ་ནར་གནས་པ་ཡིན་ནམ། སྙིང་ཁའི་རྩ་ནང་དུ་རྒྱུ་བའི་རླུང་ཁོ་ན་ཡིན་ནམ། ཡང་ན་གཉིས་ཀ་ཡིན་བཅས་ཀྱི་སྐོར། བོད་ཀྱི་གསོ་བ་རིག་པའི་གཞུང་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་མཛད་པའི་《རྒྱུད་བཞི》ཡི་ནང་ཚན་བཤད་རྒྱུད་གྱི་ལེའུ་བཞི་པ། ལུས་ཀྱི་གནས་ལུགས་བསྟན་པ་ལས། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།།ཞེས་མིག་ལ་སོགས་པའི་དབང་པོ་དྲུག་པོ་རྣམས་རང་རང་གི་ཡུལ་ལ་གཡོ་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ཡོད་པ་དེ་དག་ལ་ཡན་ལག་གི་རླུང་ལྔའི་རྟེན་གཞིར་གྱུར་པ་འཕྱིལ་པ་ཞེས་པའི་རྩར་གནས་པར་གསུངས། ཡང་དེ་ཉིད་ལ། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་སྐོར། ཞེས་རྣམ་ཤེས་ཚོགས་དྲུག་བསྐྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་སྙིང་གར་གནས་པའི་ཡིད་བཟང་མ་ཞེས་བྱ་བའི་རྩ་ལ་བརྟེན་ཅིང་རིགས་མཐུན་པའི་ཁམས་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས། དེ་ཡང་རྩ་ཡིད་བཟང་མ་ཟེར་བ་དེ་ལས་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་རྩ་དམར་པོ་ཞིག་མདུན་ཕྱོགས་སུ་ཟུག ཀུན་གཞིའི་རྣམ་ཤེས་རྒྱུ་བའི་རྩ་སེར་པོ་ཞིག་གཡས་ཕྱོགས་སུ་ཟུག ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ་སྔོན་པོ་ཞིག་གཡོན་ཕྱོགས་སུ་ཟུག ཉོན་མོངས་པའི་ཡིད་རྒྱུ་བའི་རྩ་རྒྱབ་ཕྱོགས་སུ་ཟུག་ཡོད་པར་གསུངས། 《མེས་པོའི་ཞལ་ལུང》ཞེས་ཀླད་པ་དང་སྙིང་ཁམས་གཉིས་ཀར་སེམས་ཁམས་ཀྱི་དབང་རྟེན་ཡིན་པར་གསུངས། ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་གཞུང་ལས། སེམས་ཁམས་ཀྱི་དབང་རྟེན་ནི་སྙིང་གར་གནས་པའི་རྩ་ཡི་གཙོ་བོ་གསུམ(རོ་རྐྱང་དབུ་གསུམ)གྱི་ནང་ནས་རྩ་དབུ་མར་གནས་པའི་སྲོག་འཛིན་གྱི་རླུང་ཕྲ་རགས་གཉིས་པོ་དེ་ཡིན་པ་དང་། མི་རྣམས་སྐྱེ་བ་བླངས་པའི་རྗེས་སུ་ཐོག་མར་སྙིང་གར་ཆགས་པའི་བརྒྱད་པོ་དེ་ལས་ལུས་ཀྱི་སྟོད་སྨད་དུ་གྱེས་པའི་རྩ་བདུན་ཁྲི་ཉིས་སྟོང་བྱུང་བ་དང་། རྩ་དེ་དག་ལ་ཁུ་བ་གཙོ་བོར་རྒྱུ་བའི་རྐྱང་མ་དང་། ཁྲག་གཙོ་བོར་རྒྱུ་བའི་རོ་མ། རླུང་གཙོ་བོར་རྒྱུ་བའི་དབུ་མ་བཅས་ཁག་གསུམ་ཡོད་ཅིང་།
        འཆི་བའི་དུས་སུ་ལུས་ཀྱི་སྟོད་སྨད་ནས་འབྱུང་བ་རིམ་གྱིས་བསྡུས་མཐར་སྙིང་ཁར་བསྡུ་བའི་བཤད་སྲོལ་ཞིག་ཡོད་པ་མ་ཟད། གནའ་རབས་ཤིས་ལའི་སྐྱེ་དངོས་ཚན་རིག་དང་མཚན་ཉིད་རིག་པ་མཁས་ཅན་ཨ་རི་ཐོ་ཐེ་ཏེ(Arisote)སྤྱི་ལོའི་སྔོན་(༣༨༤-༣༢༢)(ཤཱཀྱ་མུ་ནེ་སྤྱི་ལོའི་གོང་༥༦༥-༤༨༥-༥༤༥)གྱིས་བརྩམས་པའི་《མི་ལུས་གྲུབ་ཚུལ་གྱི་གསང་བ།》ཞེས་པའི་ནང་སྙིང་ཁམས་ནི་ལུས་པོའི་སྟེང་གི་གལ་ཆེ་བའི་དབང་རྟེན་ཡིན་པ་དང་། འགུལ་སྐྱོད་ཀྱི་ཆེས་ཐོག་མ། མཇུག་སྡུད་གྱི་ཆེས་རྗེས་མ་ཡིན་པར་བཤད་པ་དང་མཐུན་ཡོད་པ་རེད། རྒྱ་ནག་གནའ་རབས་གྱི་མཚན་ཉིད་རིག་པ་སེམས་ཁམས་ཀྱི་དབང་རྟེན་ཀླད་པ་ཡིན་པའི་བཤད་ཚུལ་འཛམ་གླིང་ཐོག་བྱུང་སྔ་ཤོས་སུ་ཡིན་སྐོར། དེང་སང་འཛམ་གླིང་ཐོག་མཁས་པ་མང་པོའི་གསུང་རྒྱུན་ལ། ཤིས་པན་ཡའི་དབང་རྩའི་གཤག་ལས་རིག་པ་མཁས་ཅན་ཁ་ཏེར་གྱིས(དུས་རབས་ཉི་ཤུ་པའི་འགོར་བྱུང)གཞི་ནས་ཀླད་པ་ནི་དབང་རྩའི་ཕྲ་ཕུང་མང་པོ་ལས་གྲུབ་ཚུལ་ཤེས་རྟོགས་བྱུང་ཞེས་གསུང་སྲོལ་ཡོད། ངས་བསམ་པར་སེམས་ཁམས་ནི་ཀླད་པར་གནས་ཡོད་པའི་བཤད་སྲོལ་སྔ་ཤོས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་གཡུ་ཐོག་ཡོན་ཏན་མགོན་པོས(༧༦༨-)མཛད་པའི《སྨན་གྱི་རྒྱུད་བཞི།》ལས་གསལ་བར་གསུངས་པ་དང་། རང་རྒྱལ་མིང་རྒྱལ་རབས་ཀྱི་རླབས་ཆེན་གསོ་བ་རིག་པ་མཁས་ཅན་ལི་ཧྲི་ཀྲེན(李时珍)(༡༥༡༨-༡༥༩༣)གྱིས་ཀྱང་ཀླད་པ་ཉིད་དབང་རྩའི་འདུས་ས་དང་སེམས་ཁམས་ལ་འབྲེལ་བ་ཡོད་པ་དངོས་སུ་མཁྱེན་རྟོགས་བྱུང་ཡོད་པ་བཅས་རེད།
        གསུམ། རང་ཉིད་ཀྱི་ལྟ་ཚུལ་བཤད་པ། དེང་རབས་ཚན་རིག་མཁས་དབང་རྣམས་ཀྱིས་ཀླད་པ་ཁོ་ན་སེམས་ཁམས་ཀྱི་དབང་རྟེན་ཡིན་པར་བཞེད་པ་གཅིག་མཐུན་དུ་ཡོད་ཀྱང་། དེ་ལྟར་ཡིན་ན་མི་རྣམས་ཤི་བའི་ཚེ་ལུས་ཀྱི་དྲོད་བསྡུས་པའི་ཐ་མའི་འདུས་ས་དེ་ཀླད་པར་འདུས་དགོས་པ་ཆགས་རྒྱུ་རེད།
 (༡) ལུས་ཀྱི་ཚོར་བ་སྐྱེ་བ་ལ་གཤམ་གསལ་དོན་ཚན་གསུམ་གྱི་ཐད་ནས་ནད་པའི་སྙིང་ཁམས་འགུལ་བསྐྱོད་རྒྱུན་ལྡན་ཡིན་མིན་དེ་ལེགས་འགྲུབ་ཡོང་མིན་གྱི་འགག་རྩ་ཡིན་པ། དྲོད་དང་དབུགས་གཉིས་མེད་ན་སྐྱེ་ཐབས་མེད་ཅིང་། མི་རྣམས་ཤི་བའི་སྐབས་ལུས་ཀྱི་སྟོད་སྨད་དུ་ཡོད་པའི་དྲོད་ཚང་མ་བསྡུས་ཚར་བའི་རྗེས་སུ་ཡང་ད་དུང་སྙིང་ཁའི་ཐད་ལ་དྲོད་མ་བསྔུས་པར་བསྡད་པའི་བར་དུས་ཚོད་གང་འཚམས་ཡོད་པ་དེར་བལྟས་ན། ལུས་ཀྱི་དྲོད་བསྡུས་པའི་ཐ་མའི་འདུས་ས་ནི་སྙིང་ཁར་གནས་ཡོད་པ་མཐོང་ཐུབ། དེའི་ཐོག་ནས་སེམས་ཁམས་ཀྱི་དབང་རྟེན་དེ་སྙིང་ཁར་གནས་ཡོད་མེད་ད་དུང་འཆི་རྟགས་བྱུང་སྟེ་ཉིན་མོ་དེ་རང་ལ་ཤི་རྒྱུར་ཐག་ཆོད་པའི་མིའི་སེམས་ཁམས་དང་། དྲོད། དབུགས་བཅས་བསྡུས་པའི་གོ་རིམ་དེ་རང་གི་ཐོག་དེང་རབས་ཀྱི་འཕྲུལ་ཆས་སྤྱད་ནས་སྙིང་ཁམས་ལ་བརྟག་དཔྱད་བྱས་ན་སེམས་ཁམས་ཀྱི་དབང་རྟེན་སྙིང་ཁར་གནས་པའི་ལྟ་ཚུལ་དེ་ཡང་དག་པ་ཡིན་མིན་གོམ་གང་མདུན་སྤོས་ཀྱིས་གསལ་བཤད་བྱེད་ཐུབ། 
(༢) ཀྲུང་གོའི་གསོ་བ་རིག་པའི་ཐོག་སྦྲིད་སྨན་བེད་སྤྱོད་བྱེད་མ་དགོས་པར་དེའི་ཚབ་ཏུ་གསེར་ཁབ་རྒྱབ་པར་བརྟེན་ནས་ནད་པའི་ཚོར་བ་སྦྲིད་ཐབས་བྱེད་པའི་གཞུང་ལུགས་ཀྱི་ར་སྤྲོད། དུས་རབས་བཅུ་དགུ་པའི་དུས་སྐེད་དུ། ཡོ་རོབ་གླིང་དང་ཨ་མེ་རི་ཀའི་གླིང་། སྤྱི་ལོའི་དུས་རབས་གསུམ་པའི་ནང་རང་རྒྱལ་ཧན་ཤར་མའི་རྒྱལ་རབས་གྱི་སྨན་པ་ཧའ་ཐོའུ་ཟེར་བ་དེས་སྦྲིད་སྨན་བཏང་བའི་ཐབས་ཤེས་ལ་བརྟེན་ནས་གཤག་བཅོས་བྱ་ཐབས་གསར་གཏོད་བྱས་ཡོད་ཅིང་། དུས་རབས་བཅུ་དགུ་པའི་དཀྱིལ་ལ་(༡༨༥༨)ལོར་ཡོ་རོབ་གླིང་དང་ཨ་མེ་རི་གའི་སྨན་པས་སྦྲིད་སྨན་གསར་གཏོད་བྱས་པ་ནས་ད་བར་ལོ་ངོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་མ་གཏོགས་མེད། སྨན་པ་མཁས་པ་ཧའ་ཐོས་ཁབ་གཙགས་རྒྱབ་ནས་གཤག་བཅོས་གྱི་ན་ཟུག་འཇགས་པ་བྱེད་ཐབས་ཀྱང་གསར་གཏོད་བྱས་པ་རེད། དེ་ལ་ཁབ་གཙགས་ཟུག་འཇགས་དང་ཁབ་གཙགས་ཟུག་འགོག་གཉིས་ཡོད། དེའི་ཐད་ལ་གཤག་བཅོས་བྱེད་སྐབས་ཀྱི་ན་ཟུག་ཚོར་སྣང་དེ་ཁབ་གཙག་ཀྱི་ཚོར་སྣང་དེས་ཟིལ་གྱིས་མནན་ནས་གཤག་བཅོས་ལེགས་འགྲུབ་བྱུང་བ་རེད། ངས་བསམས་ན་སྐབས་དེར་ནད་པའི་ཚོར་བ་དེ་ཁབ་གཙགས་བྱེད་ས་དེར་སྤོས་སྟབས་གཤག་བཅོས་བྱེད་སའི་གནས་དེར་ཚོར་བ་མེད་པ་ཆགས་པ་ཞིག་ཡིན་པ་མ་ཟད། གཤག་བཅོས་མ་བྱས་གོང་ཁབ་གཙགས་རྒྱབས་ནས་གཤག་བཅོས་མ་གྲུབ་བར་དུ་ཁབ་རྒྱུན་མ་ཆད་པར་སྒྲིམ་དགོས་ཀྱི་ཡོད་ཅིང་། གལ་ཏེ་གཤག་བཅོས་མ་བྱས་གོང་གསང་མིག་ཐོག་ཁབ་གཙག་རྒྱབ་ནས་གཤག་བཅོས་དངོས་སུ་བྱེད་སྐབས་ཁབ་མ་སྒྲིམ་པར་མཚམས་བཞག་ན་ཚོར་སྦྲིད་ཀྱི་ནུས་པ་ཉམས་འགྲོ་གི་ཡོད་པ་མ་ཟད། སྦྲིད་སྨན་བཏང་ནས་གཤག་བཅོས་བྱེད་སྐབས་རྟག་པར་ནད་པའི་སྙིང་འཕར་མཚམས་ཆད་ནས་སྲོམ་ལ་ཉེན་ཁ་ཡོང་གི་ཡོད་པའི་དཔེ་མཚོན་མང་པོ་དང་། ཁབ་གཙགས་བརྒྱབ་ནས་གཤག་བཅོས་བྱེད་པའི་རིང་ནད་པའི་སྙིང་ཁམས་འཕར་ཚུལ་རྒྱུན་ལྡན་ཡིན་པ་དེ་གཉིས་གྱི་ཐོག་ནས་ནད་པའི་སྙིང་ཁམས་ཀྱི་འགུལ་སྐྱོད་རྒྱུན་ལྡན་ཡིན་མིན་དེ་གཤག་བཅོས་ལེགས་འགྲུབ་ཡོང་དང་མི་ཡོང་གི་འགག་རྩར་ཐུག་པའི་གནད་དོན་ཆེན་པོ་ཞིག་ཡིན་པར་གསལ་བཤད་བྱུང་བ། 
(༣) རླུང་བསྒོམ་ནས་ལུས་པོའི་བདེ་ཐང་ལ་ནུས་པ་ཆེན་པོ་ཐོན་པའི་གཙོ་གནད་སྙིང་ཁམས་འཕར་ཚད་རྒྱུན་ལྡན་ཐོག་དབུགས་འགྲོ་འོང་གི་མྱུར་ཚད་རིང་དུ་གཏོང་ཐུབ་པ་དེར་ཐུག་ཡོད་པ། དབུགས་འགྲོ་འོང་གི་མྱུར་ཚད་རིང་དུ་གཏོང་ཐུབ་པའི་གནད་འགག་ཐུག་ས་ནི། ལུས་ཀྱི་སྟོད་སྨད་དུ་རྒྱུ་བའི་རླུང་རྣམས་སྙིང་ཁའི་དབུས་ཀྱི་རྩ་ནང་དུ་བསྡུས་ནས་བཟུང་ཐུབ་ན་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཕན་ཐོགས་ཡོད་པ་དེའི་ཐོག་ནས། ལུས་སེམས་གཉིས་ཀྱི་འབྲེལ་བ་ཡུན་རིང་དུ་གནས་ཐུབ་པའི་འགག་རྩ་དེ་སྙིང་ཁའི་དབང་རྩའི་ནང་དུ་རླུང་ཡུན་རིང་པོར་བཟུང་ཐུབ་མིན་དང་རླུང་ལ་རང་དབང་ཐོབ་དང་མ་ཐོབ་ལ་རག་ལས་ཡོད་པ། རླུང་བསྒོམ་ནས་སྙིང་ཁའི་རྩ་ནང་དུ་རླུང་བཟུང་ཐུབ་མཁན་གྱི་སེམས་ཁམས་འགུལ་བསྐྱོད་ལ་དེང་རབས་ཀྱི་འཕྲུལ་ཆས་བེད་སྤྱད་ནས་བརྟག་དཔྱད་བྱས་ན་ར་སྤྲོད་ཐུབ་ཀྱི་རེད་བསམ།།
  རྩོམ་འདི་རིག་གནས་ཀུན་བཏུས་འཕྲིན་སྟེགས་ལས་བཤུས་པ་ཡིན། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1