༄༅།། ཨ་ཁུ་ཁྲོ་ཐུང་གི་སྐུ་མཁར།

རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-13


        རྨ་ཀླུང་གསེར་ལྡན་ཆུ་བོ་ནུབ་ཕྱོགས་ནས་མགོ་ལོག་དགའ་བདེ་རྫོང་གི་རུ་མང་ཤང་བརྒྱུད་ནས་ཤར་ལྷོའི་ཕྱོགས་སུ་རྒྱུག་ནས་འགྲོ། དགའ་བདེ་རྫོང་གི་ཁོངས་གཏོགས་ཁོ་ཆུ་ནུབ་མའི་ཆུ་བོ་ཆེན་པོ་དེ་བྱང་ནས་ལྷོར་བབས་ནས་རྨ་ཆུ་དང་འདྲེས། ས་ཆ་འདིའི་ས་བབ་ཧ་ཅང་རྩུབ་ཅིང་རྨ་ཆུའི་ལྷོ་བྱང་གཉིས་ཀའི་འགྲམ་གྱི་རི་ངོས་གཡང་གཟར་ཡིན་པ། རྨ་ཀླུང་དྲག་ཏུ་འབབ་པའི་རྦ་རླབས་དགུང་ལ་འཕྱུར་ཞིང་། དེ་ལ་སྤྱིར་བཏང་མིན་པའི་མཛེས་ཉམས་ཤིག་ཡོད་པ་རེད། ས་འདིའི་མིང་ལ་ཁོབ་མདའ་ཞེས་པར་གྲགས། ས་འདིའི་ཕྱོགས་བཞིའི་རི་བོ་ཚང་མ་མཐོ་བ་གནམ་དུ་གཟེངས་ཤིང་། ལུང་པའི་མཐིལ་ནས་རྨ་ཀླུང་གསེར་ལྡན་ཆུ་བོས་འུར་སྒྲ་དང་ལྡིར་སྒྲ་བསྒྲགས་བཞིན་རྒྱུ་བ་དང་། ས་འདིའི་ནུབ་ཕྱོགས་ཀྱི་ཐེམ་ཐོག་སྟེ་རྨ་ཆུ་དང་ཁོ་ཆུ་དང་ཁོ་ཆུ་གཉིས་ཀ་འདྲེས་མཚམས་ཀྱི་ས་ངོས་ནི་ཅུང་ཟད་བདེ་ཞིང་། ས་ཁྱོན་ཅུང་ཟད་ཡངས་པ་ཞིག་ཀྱང་ཡིན། རྩི་ཤིང་མཐུག་པོ་སྐྱེས་ཤིང་། གནམ་གཤིས་དྲོ་བས། འབྲོག་པའི་མཚེར་ས་ཧ་ཅང་ཡག་པོ་ཞིག་ཡིན་པ་རེད། ཁོབ་མདོ་ཞེས་པའི་ལུང་པ་གསུམ་མདོ་འདི་ན་རྒྱུ་རྡོ་ལས་བརྩིགས་པའི་མཁར་གྲུ་བཞི་མ་ཞིག་རལ་དུ་གྱུར་པ་ཞིག་ཡོད་པའི་ཁ་ཞེང་ལ་ཧ་ལམ་གོམ་པ་གྲུ་བཞི་མ་སུམ་བརྒྱ་ཙམ་ཞིག་མ་གཏོགས་མེད་པས་མཁར་ཤུལ་ཆེན་པོ་ཞིག་མིན། རྡོ་མཁར་འདིའི་མཁར་སྒོ་རྨ་ཆུའི་ཕྱོགས་སུ་འཁོད་ཡོད། མཁར་འདི་བརྩིགས་ནས་ལོ་ཧ་ཅང་མང་པོ་འགོད་སྟབས། མཁར་གྱི་བར་མཚམས་རེ་ན་རྡོ་མཁར་དུམ་བུ་རེ་བརྡིབས་ཡོད་པ་དང་། རྩིག་ངོས་ན་རྡོ་དྲེག་སེར་བོ་མཐུག་པོ་ཞིག་ཆགས་ཡོད། ས་འདིའི་མི་དམངས་ཀྱི་ངག་རྒྱུན་ལས་གླིང་རྗེ་གེ་སར་རྒྱལ་པོའི་ཨ་ཁུ་ཁྲོ་ཐུང་ངམ་ཨ་ཁུ་ཁྲོ་བ་རྒྱལ་པོའི་སྐུ་མཁར་རམ་ཕོ་བྲང་གི་མཁར་ཤུལ་ཡིན་ནོ་ཞེས་ཟེར། གེ་སར་སྒྲུང་ཡིག་བཤད་ཚུལ་ལྟར་ན། ཨ་ཁུ་ཁྲོ་ཐུང་གི་སྐུ་མཁར་འདིའི་མིང་ལ་ཕོ་རོག་སྙིང་རྫོང་ཞེས་པར་གྲགས། ད་ལྟའི་དུས་ན་མཁར་འདིའི་མིང་ལ་ཨ་ཁུ་ཁྲོ་ཐུང་གི་སྐུ་མཁར་རམ་ཁོབ་མདའི་རྡོ་མཁར་ཞེས་ཤོད་སྲོལ་ཡོད་པ་རེད། ཨ་ཁུ་ཁྲོ་ཐུང་གིས་སྔོན་ཆད་གླིང་ཡུལ་གྱི་དོན་ལ་བྱས་རྗེས་བླ་ན་མེད་པ་མང་པོ་བཞག་མྱོང་ཞིང་། གླིང་གི་རྒྱལ་སྲིད་ཀྱང་བསྐྱངས་མྱོང་སྟབས་ཚང་མས་ཁོང་གི་མིང་ལ་ཨ་ཁུ་ཁྲོ་ཐུང་རྒྱལ་པོ་ཞེས་པའི་མཚན་གསོལ། རྗེས་སོར་ཁོང་གི་ཚ་བོ་གེ་སར་གྱིས་རྟ་རྒྱུག་རྒྱལ་འཇོག་བྱས་ནས་རྒྱལ་ཁ་བླངས་ཏེ། གླིང་དཀར་པོའི་ཡུལ་གྱི་རྒྱལ་པོ་མཛད། ཨ་ཁུ་ཁྲོ་ཐུང་གིས་གེ་སར་ལ་ཕྲག་དོག་བྱས་པར་མ་ཟད། གདུག་རྩུབ་ཀྱི་བསམ་པ་འཆང་ནས་འཛམ་གླིང་གེ་སར་རྒྱལ་པོར་ངོ་རྒོལ་བྱས་ནས་རྒྱལ་བཙོངས་ཁེ་གཉེར་བྱས་ནས། མི་དམངས་ལ་སྡུག་བསྔལ་ཚབས་ཆེན་མྱོང་དུ་བཅུག་པ་དང་། རྒྱལ་ཁབ་ལ་གྱོང་གུན་ཆེན་པོ་བཟོས། གླིང་ལ་ཆེ་རྒྱུད། ཆུང་རྒྱུད། འབྲིང་རྒྱུད་ཅེས་ཚོ་ཤོག་གསུམ་ཡོད་པའི་ནང་ཚན་ཆེ་རྒྱུ་ཚང་གི་འགོ་དཔོན་ཁྲོ་ཐུང་ཡིན། དེའི་དུས་སུ་ཁྲོ་ཐུང་གི་ང་རྒྱལ་གྱིས་ནམ་མཁའ་སྒྲིབ་ཐུབ་པ་ལྟ་བུ་ཞིག་ཡིན་ཕྱིར། ཁོས་སེམས་ལ་ང་མིན་སུ་ཡིན་སྙམ་གྱི་ཡོད། ཨ་ཁུ་ཁྲོ་ཐུང་ནི་རང་གཤིས་ངན་ཞིང་གདུག་རྩུབ་ཆེ་བའི་མི་ཞིག་ཡིན་སྟབས། ཡོང་ཁུངས་མི་གཙང་བའི་རྒྱུ་ནོར་མང་པོ་བསགས་ཤིང་། བྲན་གཡོག་གྲངས་མེད་པས་ཕྱི་ནང་གཉིས་ཀ་བཀང་བའི་སྟོབས་འབྱོར་མངའ་ཐང་ཅན་ཞིག་ཡིན། སྒྲུང་ཡིག་གི་ནང་ནས་བཤད་པའི་ཁྲོ་ཐུང་གི་སྐུ་མཁར་ནི་ཤོམ་ར་ཆེ་ཞིང་རྒྱས་སྤྲོས་སྤྱོད་རུལ་དུ་གྱུར་པའི་མཁར་ཞིག་ཡིན། ཤོད་རྒྱུན་ལྟར་ན། སྐབས་དེར་ས་ཁུར་འདི་ལ་ནས་སོགས་འབྲུ་རིགས་སྐྱེས་ཤིང་ཞིང་ལས་ཡག་པོ་ཞིག་དར་ཡོད་ཅིང་། འབྲུ་རིགས་སྐྱེས་ཤིང་ཞིང་ལས་ཡག་པོ་ཞིག་དར་ཡོད་ཅིང་། འབྲུ་རིགས་ཡང་རང་ཁ་རང་གསོ་བྱེད་ཐུབ་པར་གྲགས། དེང་གི་དུས་ནའང་མཁར་རྫོང་འདིའི་རྗེས་ཤུལ་གྱི་མཐའ་བསྐོར་གྱི་རིའི་ངོགས་ནས་བཟོ་དབྱིབས་ལེགས་པོ་མིན་པའི་སྐས་ཞིང་མང་པོ་བང་རིམ་བྱས་ནས་བསྒྲིགས་ཡོད་ཅིང་། ས་ཞིང་གི་བང་རིམ་ཚང་མ་རྡོ་ལས་བརྩིགས་པ་ཤ་སྟག་རེད། ས་འདིའི་མི་རྣམས་ཀྱིས་བཤད་པ་ལྟར་ན། མི་རྣམས་ཀྱིས་མཉམ་མ་བཞག་པར་ནས་འབྲུ་ས་ཐོག་ལ་གཏོར་ན། ལོ་རྗེས་མར་ས་དེ་ནས་འབྲུའི་སྙེ་མ་སྐྱེས་ཤིང་། འབྲུ་རྡོག་ཆེན་པོ་སྨིན་འོང་ངོ་ཞེས་ཟེར། སྤྱི་ལོ་༡༩༥༨ལོ་ལ་ས་འདིའི་མི་རྣམས་ཀྱིས་ས་འདིར་འབྲུ་རིགས་དང་། ལ་ཕུགཉུང་མ་མང་པོ་བཏབ་པ་རྣམས་ཀྱང་སྐྱེས་སྟོབས་བཟང་ཞིང་། རོ་མངར་བ་ཞིག་བྱུང་། ཞོག་ཁོག་ཀྱང་ཧ་ཅང་ཡག་པོ་སྐྱེས་ཀྱི་ཡོད། གནམ་འོག་ལ་འགྱུར་ལྡོག་བྱུང་ནས་ལོ་བརྒྱ་ཕྲག་འགའ་ཞིག་འདས་ཟིན་ཞིང་། ཨ་ཁུ་ཁྲོ་ཐང་རྒྱལ་པོའི་སྐུ་མཁར་ལ་ཡང་འཕོ་འགྱུར་ཆེན་པོ་ཞིག་བྱུང་མྱོང་། ས་འདིའི་མི་བགྲེས་སོང་རྣམས་ཀྱིས་དུས་རྒྱུན་པར་མྱོང་ཚོར་ཟབ་མོའི་སྒོ་ནས་མཁར་འདིའི་ལོ་རྒྱུས་མང་པོ་བཤད། མཁར་འདི་ནི་སྲ་ཞིང་མཁྲེགས་པའི་རྡོ་ཕ་བོང་ཆེན་པོ་ལས་བརྩིགས་ཤིང་། ས་བབ་གཡང་གཟར་ཅན་གྱི་རྡོ་མཁར་འདི་ནི་རང་སྲུང་བྱེད་སླ་ལ། དགྲས་ཚུལ་རྒོལ་བྱེད་པ་ལ་འཇིགས་མི་དགོས་པ་ཞིག་ཡིན། འོན་ཀྱང་ཨ་ཁུ་ཁྲོ་ཐུང་གིས་མི་དམངས་མང་ཚོགས་ལ་གཉའ་གནོན་དང་བཤུ་གཞོག་ཚད་མེད་བཏང་སྟབས། བྲན་གཡོག་རྣམས་ཀྱིས་ཁོའི་རྗེས་སུ་མ་འབྲངས་པར་འཛམ་གླིང་སེང་ཆེན་རྒྱལ་པོར་མགོ་བཏགས། ཨ་ཁུ་ཁྲོ་ཐུང་གི་མཁར་འདི་ལ་ཕྱིའི་དགྲ་བོ་རྣམས་ཀྱིས་ངོ་རྒོལ་ཅི་འདྲ་བྱས་ཀྱང་གཏོར་བརླག་མ་སོང་རུང་། མཁར་ནང་གི་བྲན་གཡོག་དང་རང་གི་མངའ་འོག་གི་མི་སེར་རྣམས་ཀྱིས་ངོ་རྒོལ་བྱས་སྟབས། མཁར་འདི་ཡང་རང་ཤུགས་ཀྱིས་སྟོང་བར་གྱུར་ནས་ད་ལྟའི་བར་དུ་བདག་པོ་རྒྱག་མཁན་ཞིག་བྱུང་མེད་པ་རེད། དུས་ཕྱིས་སུ་ས་འདིར་འབྲོག་པའི་སྦྲ་གུར་ཕུབ་སྟེ། ས་རྡོ་བརྐོས་ནས་འཚོ་ཐབས་བྱས་ཙང་། རྫ་ཁོག་དང་། སླ་ང་། ས་ཕག་གི་ཡོ་བྱད་སོགས་གནའ་རྫས་འདྲ་མིན་སྣ་ཚོགས་ས་འོག་ནས་ཐོན་རྒྱུ་ཡོད་པ་རེད། སྤྱི་ལོ་༡༩༥༨ལོར་ས་འདིར་ས་རྒོད་བསློགས་ནས་སོ་ནམ་གྱི་ལས་ཀ་བྱེད་སྐབས། ས་འོག་ནས་གནའ་རབས་ཀྱི་ཉིན་མཁོའི་དངོས་རྫས་འདྲ་མིན་སྣ་ཚོགས་བྱུང་བར་མ་ཟད། རྒྱུ་འཇིམ་པ་ལས་བཟོས་པའི་ལྷ་སྐུའི་གཟུགས་བརྙན་དང་ཚ་ཚ་སོགས་ཀྱང་རྙེད་པར་གྲགས། དབྱར་གྱི་དུས་ལ་རྡོ་མཁར་གྱི་ཕྱི་ནང་གཉིས་ཀར་རྩྭ་མཐུན་པོ་སྐྱེས་ཤིང་། རི་སྐྱེས་ཀྱི་མེ་ཏོག་སྣ་ཚོགས་ག་ས་ག་ལ་སྐྱེས་ཀྱི་ཡོད་པས་ས་ཆ་ཧ་ཅང་སྐྱིད་པོ་ཞིག་རེད། ཁྲོ་ཐུང་སྐུ་མཁར་ནས་ཁ་གྱེས་ཏེ། རྨ་ཀླུང་ཆུ་བོའི་སྟོད་རྒྱུད་ཕྱོགས་སུ་ས་ལེ་བར་བཅུ་ཕྲག་ལྷག་ཙམ་སོང་ན། མིང་ལ་བདེ་ནང་གི་རབ་ཁ་ཟེར་བའི་ས་ཁུག་ཅིག་ལ་སླེབ་ཐུབ། དེ་ནི་རྨ་ཆུའི་རབ་ཁ་རེད། ས་འདིའི་མི་རྣམས་ཀྱི་ཤོད་རྒྱུན་ལྟར་ན། སྔོན་ཆད་རབ་ཁ་འདི་ན་རྣམ་པ་གཞན་དང་མི་མཚུངས་པའི་གནའ་བོའི་ཤིང་གྲུ་ཤིན་ཏུ་ཆེན་པོ་དབྱིབས་ངོ་མཚར་ཆེ་བ་ཞིག་ཡོད། ཤིང་གི་གྲུ་བོ་ཆེ་འདི་ནི་ཨ་ཁུ་ཁྲོ་ཐུང་གིས་གཙོ་བྱས་པའི་གླིང་གི་མཐོ་དམན་བར་མའི་མི་རྣམས་རྒྱུ་འགྲུལ་བྱེད་པའི་ཡོ་བྱད་མེད་དུ་མི་རུང་བ་ཞིག་རེད། དུས་ཕྱིས་སུ་མཚོ་སྔོན་ཕྱོགས་ཀྱི་རྨྰ་པུ་ཧྥང་ཇག་དམག་གིས་ཤིང་གྲུ་ཆེན་པོ་དེ་མེ་བསྲེགས་བཏང་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1