༄༅།། གནམ་གཤིས་ཇེ་གྲང་དུ་འགྱུར་དུས་ཁྲག་ཤེད་མཐོ་བའི་ནད་པས་གཟབ་གཟབ་བྱ་དགོས།

ཚེ་རིང་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-19


        གནམ་གཤིས་ཇེ་གྲང་དུ་འགྱུར་བའི་ཉིན་འདི་དག་ལ་ཞོགས་ནུབ་ཀྱི་དྲོད་ཚད་ཀྱི་ཧེ་བག་ཆེ་བའི་དབང་གིས།   ཁྲག་ཤེད་མཐོ་བའི་ནད་པར་ཉེན་ཁ་ཆེན་པོ་ཡོད།   ཁྲག་ཤེད་མཐོ་བའི་ནད་པ་དང་དེའི་ནང་མིས་ངེས་པར་དུ་གཟབ་གཟབ་བྱ་དགོས་ཏེ།  གཅིག་ནི་ཁྲག་ཤེད་གཅོག་སྨན་གང་འདོད་ཀྱིས་བརྗེ་མི་རུང་།   ཁྲག་ཤེད་མཐོ་བའི་ནད་པས་སྨན་སྣ་ཁ་གཅིག་ལ་ལོབས་ཡོད་པས་གློ་བུར་དུ་བརྗེ་ན་ཕན་པ་མེད་པ་མ་ཟད།   ད་དུང་རང་ལ་གནོད་སྲིད།     གཉིས་ནི་དུས་རྒྱུན་གྱི་འཚོ་བའི་ནང་དུ་གོམས་གཤིས་ཡག་པོ་ཆགས་དགོས་ཏེ།   ཞོགས་པར་མལ་ལས་ཡར་ལངས་སྐབས་དལ་པོར་ལངས་དགོས་པ་ལས་འཚབ་འཚུབ་བྱ་མི་རུང་།   གཞན་ཡང་།  ཁྲག་ཤེད་མཐོ་བའི་ནད་པས་སེམས་ཁམས་ལྷོད་པོར་སྡོད་དགོས་པ་ལས་ཁོང་ཁྲོ་ལངས་མི་རུང་།   དེ་མ་ཟད།  དགོང་ཇ་འཐུང་རྗེས་འཆམ་འཆམ་འགྲོ་ན་ཁྲག་ཤེད་མཐོ་བའི་ནད་པར་ཕན་པ་ཆེན་པོ་ཡོད།   འོན་ཀྱང་ཤུགས་དྲག་ཆེ་བའི་ལུས་རྩལ་ནི་གཏན་ནས་བྱ་མི་རུང་།    གསུམ་ནི་སྣ་ཁྲག་འབབ་པར་སྔོན་འགོག་བྱེད་དགོས་ཏེ།  སྣ་ཁྲག་འབབ་པ་ནི་ཁྲག་ཤེད་མི་བརྟན་པའི་སྔ་ལྟས་ཡིན་པས་ཚང་མས་དོགས་ཟོན་བྱེད་དགོས།   བཞི་ནི་ཁྲག་ཤེད་མཐོ་བའི་ནད་པས་དྲོད་འཛིན་ལ་ཡིད་གཟབ་བྱེད་དགོས་ཏེ།     གྲང་ངར་གྱིས་ཁྲག་ལམ་དོག་ཏུ་འཁུམ་འགྲོ་བས་ཁྲག་ཤེད་མཐོ་རུ་གཏོང་ངེས།  ལྔ་ནི་བཟའ་བཏུང་ལ་དོ་སྣང་བྱེད་དགོས་ཏེ།  ཁྲག་ཤེད་མཐོ་བའི་ནང་པས་དུས་རྒྱུན་དུ་ཚ་མང་པོ་བཟའ་མི་རུང་བ་དང་སྣུམ་བག་ཆུང་བའི་ཟས་བཟའ་དགོས།    དེ་མ་ཟད་འཚོ་རྒྱུ་Cདང་ཅཱ་སོགས་འདུས་ཡོད་པའི་ཤིང་ཏོག་དང་སྔོ་ཚལ་མང་དུ་བཟའ་དགོས་པ་དང་།  དཔེར་ན་ཇིན་ཚལ་ནི་ཁྲག་ཤེད་གཅོག་པར་ཕན་པ་མ་ཟད།    ཁྲག་མངར་ཉུང་བ་དང་ཁྲག་ཚིལ་གཅོག་པ་ལ་ཡང་ཕན་པ་ཡོད།   གཞན་ཡང་མོག་རོ་དང་སྲན་ནག   སྲན་སེར།   ཤ་མོ་སོགས་ཀྱང་ཁྲག་ཤེད་གཅོག་པ་ལ་ཕན་བས་ཁྲག་ཤེད་མཐོ་བའི་ནད་པས་མང་དུ་བཟའ་ན་ལེགས། 


2016ལོའི་ཟླ་10པའི་ཚེས་14ཉིན་གྱི 《བདེ་ཆེན་བོད་ཡིག་ཚགས་པར།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1