༄༅།། རྒྱན་བྱང་།

བཀྲ་བྷ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-24


    

        ཨ་ཁུ་རྒྱ་མཚོ་གསོལ་ཁང་དུ་སླེབས་བྱུང་།

        འོ།  ཨ་ཁུ་རྒྱ་མཚོས་བུ་མོ་མཛེས་མ་ཞིག་ཀྱང་ཁྲིད་འདུག
        དེ་རིང་།  ཨ་ཁུ་རྒྱ་མཚོ་ལ་ཅི་ཞིག་བྱུང་བ་ཡིན་ནམ།  སྔོན་ཆད་ཨ་ཁུ་རྒྱ་མཚོས་ལུས་སྒོང་སྒོང་དང་གཉའ་སྒུར་སྒུར་བྱས་ཏེ་གསོལ་ཁང་དུ་འཛུལ་རྗེས།   འཚེར་སྣང་ཆེན་པོས་གསོལ་ཁང་ཡོངས་ལ་ཞིབ་ལྟ་ལན་ཞིག་བྱས་ཏེ།   གྲུ་ཟུར་ཞིག་ནས་རང་ལ་འོས་པའི་འདུག་སྟེགས་ཤིག་འཚོལ་ངེས་ཡིན་མོད།   འོན་ཏེ་དེ་རིང་ཅི་ཞིག་བྱུང་སོང་ངམ།  ཁོའི་གདོང་ལ་ཁེངས་ཉམས་ཤིག་རྒྱས་འདུག   གོམ་པ་སྤོ་ལུགས་ལ་དཔོན་ཉམས་ཤིག་ཤར་འདུག
        ཁྱེད་རང་ཕེབས་པར་དགའ་བསུ་ཞུ། ཞབས་ཞུ་མས་གོམས་སྲོལ་ལྟར་མགྲོན་བསུ་བྱས།
        ……
        ཨ་ཁུ་རྒྱ་མཚོས་ཧང་འགྲོས་བྱས་ཏེ་གསོལ་ཁང་དབུས་ཀྱི་གསོལ་ཅོག་ཆེན་པོ་དེའི་འགྲམ་ལ་སླེབས་རྗེས།   འཛེམ་དོགས་ཅི་ཡང་མེད་པར་རྐུབ་སྟེགས་སྟེང་ལ་ལྗིད་ཏིག་གེར་བསྡད་པ་ན།   བུ་མོ་མཛེས་མ་དེ་ཁོའི་ཁ་གཏད་དུ་བསྡད་བྱུང་།
        ཨ་ཁུ་རྒྱ་མཚོ་དང་ངེད་གཉིས་ནི་གྲོང་ཚོ་གཅིག་གི་ཡིན་རུང་།  ངས་ཁོ་རང་ལ་སྐད་ཆ་ཚིག་གཅིག་ཀྱང་འཆད་འདོད་མེད་མོད།    དེ་རིང་ལྟད་མོ་ཡ་མཚན་ཞིག་མཐོང་སྲིད་འདྲ་སྙམ་བཞིན་ཨ་ཁུ་རྒྱ་མཚོ་ལ་ལྐོག་ལྟ་བྱས། 
        ཨ་ཁུ།  ཟ་མ་ཅི་ཞིག་ཟ་གྲབས་ཡོད། ཞབས་ཞུ་མས་གུས་པ་དང་བཅས་དེ་ལྟར་དྲིས།
        ཁོ་མོར་དྲིས་ཤིག  ཨ་ཁུ་རྒྱ་མཚོས་གདོང་ལ་ཁེངས་ཉམས་ཆེན་པོ་བསྡུས་འདུག 
        ཞབས་ཞུ་མས་གསོལ་ཐོ་དེ་བུ་མོ་མཛེས་མའི་ལག་ལ་བཞག་བྱུང་། 
        བུ་མོ་མཛེས་མ་དེ་སྒོར་མོར་བསམ་བློ་གཏོང་མཁན་ཞིག་གཏན་ནས་མ་རེད། མོས་རིན་གོང་མཐོན་པོ་ཅན་གྱི་ཟས་རིགས་མང་པོ་ཞིག་བདམས་བྱུང།   ཨ་ཨ།དེ་རིང་ཨ་ཁུ་རྒྱ་མཚོས་ཟས་ཡོན་སྤྲོད་ཐུབ་བམ།   འོན་ཏེ་ཨ་ཁུ་རྒྱ་མཚོའི་འཛུམ་མདངས་ལ་གཞིགས་ན།   ཁོ་ལ་གདེང་ཚོད་ཆེན་པོ་ཡོད་པ་འདྲ།
        ཨ་ཁུ་རྒྱ་མཚོ་དང་བུ་མོ་མཛེས་མ་གཉིས་ཀས་སྐད་ཆ་འབའ་ཞིག་ཤབ་ཤུབ་ཏུ་བརྗོད་བཞིན་ཡོད་ལ།   གདོང་གི་འཛུམ་མདངས་ལ་གཞིགས་ན།   བརྗོད་གཞི་ནི་གཉིས་ཀ་ཤིན་ཏུ་འཐད་པའི་དོན་ཆེན་ཞིག་ཡིན་པ་འདྲ།
        སྐབས་ཤིག་ལ།  ཨ་ཁུ་རྒྱ་མཚོའི་ཁ་པར་གྲགས་བྱུང་། 
        སྒོར་མོ་ད་དུང་མ་བླངས།  ད་དུང་འགྲོ་ལུགས་མང་པོ་ཞིག་བསྒྲུབ་དགོས།   ག་དུས་ཡོང་ཐུབ་པ་ད་དུང་མི་ཤེས།
ཁ་པར་སྒོ་བརྒྱབ་སོང་། 
        ཁ་པར་དེ་ཁྱོད་ཀྱི་ཆུང་མས་བཏང་བ་ཡིན་ནམ། བུ་མོ་མཛེས་མ་དེས་གཟབ་གཟབ་ངང་ནས་དེ་ལྟར་དྲིས། 
        རེད། ཨ་ཁུ་རྒྱ་མཚོས་ལུས་སྒོང་སྒོང་དང་གཉའ་སྒུར་སྒུར་བྱས་སོང་། 
        ངས་ཡང་བསྐྱར་ཐེངས་གཅིག་བཤད། རྗེས་སུ་ཆུང་མའི་ཁ་པར་ལ་ཉན་མི་ཆོག  ང་ནི་རུམ་ལ་བྲོ་བཟུང་སྟེ་ཐང་ནས་རྡོ་འཐུ་བའི་སྐྱེས་པ་རྣམས་ལ་ཤིན་ཏུ་མི་དགའ། འདི་སེམས་ལ་དམ་པོར་ཟུངས། བུ་མོ་མཛེས་མ་དེ་ཁྲོས་བྱུང་། 
        ཁོང་ཁྲོ་མ་ལངས།  རྗེས་སུ་མི་ཉན། ཨ་ཁུ་རྒྱ་མཚོས་སླར་ཡང་ལུས་སྒོང་སྒོང་དང་གཉའ་སྒུར་སྒུར་བྱས། 
        ཀྱེ་མ། ཨ་ཁུ་རྒྱ་མཚོ་དང་བུ་མོ་མཛེས་མ་གཉིས་ལ་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་འདྲ།   དེ་འདྲ་སྲིད་དམ།   ཨ་ཁུ་རྒྱ་མཚོ་ནི་ཕོ་ལོ་ལྔ་བཅུ་ལྷག་ལ་སོན་འདུག   བུ་མོ་མཛེས་མ་འདི་མོ་ལོ་ཉི་ཤུ་ཡས་མས་ཙམ་རེད།   དེ་མིན།   ཨ་ཁུ་རྒྱ་མཚོ་ལ་སྟོབས་འབྱོར་བ་མི་ལྡན།   ཐོབ་གོ་ས་མི་ལྡན།   དེང་གི་མཛེས་མ་རྣམས་ནི་དབུལ་པོ་བགྲེས་པོ་ཞིག་ལ་དུངས་སྲིད་དམ།   གཏན་ནས་དུངས་མི་སྲིད།
        བུ་མོ་མཛེས་མས་སྡང་མིག་བགྲད་ནས་ཨ་ཁུ་རྒྱ་མཚོར་བལྟས་འདུག་ལ།   ཨ་ཁུ་རྒྱ་མཚོས་དོགས་མི་བདེ་བའི་ངང་ནས་གསོལ་ཅོག་སྟེང་གི་ཐུར་མ་གཡས་འདེད་གཡོན་འདེད་བྱས།  
        ངས་ཨ་ཁུ་རྒྱ་མཚོའི་སྤྱོད་ལམ་དེ་མཐོང་བ་ན།  སེམས་ལ་ཁོང་ཁྲོ་གློ་བུར་བ་ཞིག་ལྡང་སོང་།  སྐབས་འདིར།  ཨ་ནེ་ལྷ་མཚོ་གློ་བུར་དུ་གང་ཞིག་ནས་སླེབས་སོང་ན་ལེགས་པ་ལ་ཨང་།
        ཇ་འཐུང་། སྐབས་ཤིག་ལ།  བུ་མོ་མཛེས་མ་དེས་ཅི་ཞིག་དྲན་པ་ལྟར་དེ་ལྟར་བརྗོད།
        ཡ་ཡ། ཨ་ཁུ་རྒྱ་མཚོ་ཤིན་ཏུ་དགའ་བར་གྱུར།
        གཉིས་ཀ་ཇ་ལ་རོལ་ཏེ་དལ་ཅག་གེར་སྡོད་སྐབས།  ཞབས་ཞུ་མས་ཟས་རིགས་སྐོར་ཞིག་སྔ་གཞུག་བྱས་ཏེ་གསོལ་ཅོག་སྟེང་ལ་བསྒྲིགས་བྱུང་།
ཡ།  ཟ་མ་ཟོ། ཨ་ཁུ་རྒྱ་མཚོས་ལུས་སྒོང་སྒོང་དང་གཉའ་སྒུར་སྒུར་བྱས།
        ཁྱོད་ཀྱིས་ཀྱང་ཟོ།
        ཏག་ཏག་སྐབས་དེར་།  ཁ་པར་སླར་ཡང་གྲགས་བྱུང་།  
        ཨ་ཁུ་རྒྱ་མཚོས་འཇིགས་ཞེད་དང་བཅས་ཁ་པར་ངོས་ལ་ལྟ་ཙམ་བྱས་པ་ན།  གདོང་ལ་འཛུམ་མདངས་གློ་བུར་བ་ཞིག་རྒྱས་སོང་། 
        ང་ཆབ་ཆ་ན་ཡོད།  སྒོར་མོ་ད་དུང་མ་བླངས།  ད་དུང་འགྲོ་ལུགས་མང་པོ་ཞིག་བསྒྲུབ་དགོས།   ག་དུས་ཁྱིམ་ལ་ལོག་ཐུབ་པ་ད་དུང་མི་ཤེས།  ང་རང་ཡིད་ལ་ཤར་སོང་བར་བཀའ་དྲིན་ཆེ་ཞུ།
        ཁ་པར་གཏན་སོང་།
        སུ་རེད།
        སྡེ་དཔོན་སྐྱབས་ལོ་རེད།
        ཅི་ཞིག་བཤད་སོང་།
        སང་ཉིན་སྡེ་དཔོན་སྐྱབས་ལོའི་བུ་མོ་གནས་ལ་འགྲོ་དགོས། ང་རང་བག་སྐྱེལ་ལ་འགྲོ་དགོས་ཟེར། ཨ་ཁུ་རྒྱ་མཚོས་ཁེངས་ཉམས་དང་བཅས་དེ་ལྟར་བརྗོད། 
        བདེན་ནམ།  སྡེ་དཔོན་སྐྱབས་ལོ་ནི་མི་སྣ་སྐད་གྲགས་ཅན་ཞིག་ཡིན།  དེ་ཉིད་ཀྱི་བུ་མོ་གནས་ལ་འགྲོ་སྐབས།   བག་སྐྱེལ་གྲས་ལ་མི་ཕལ་བ་ཞིག་ཚུད་དཀའ།   དེས་ཨ་ཁུ་རྒྱ་མཚོ་གདན་འདྲེན་སྲིད་དམ།   གཏན་ནས་མི་སྲིད།
        མགྲོན་པོ་ཡ་མཚན་གཉིས་ཀ་ཁ་རོག་གེར་ཟས་ལ་རོལ་སོང་།
        བཟའ་བཏུང་ཕུན་སུམ་ཚོགས་པ་དེ་ལ་རོལ་སྐབས།   ཨ་ཁུ་རྒྱ་མཚོའི་གདོང་ལ་བསམ་དོན་ཡིད་བཞིན་འགྲུབ་པའི་ཁེངས་ཉམས་ཤིག་རྒྱས་འདུག་པ་དང་།   བུ་མོ་མཛེས་མས་ཨ་ཁུ་རྒྱ་མཚོའི་ཆུང་མའི་ཁ་པར་དེ་ཡོངས་སུ་བརྗེད་སོང་བ་འདྲ་བས།     སྒེག་ཉམས་དང་བཅས་སྡེར་མའི་ནང་ལ་ཐུར་མ་ཡང་ཡང་སྲིང་བཞིན་གདའ།
        ཁ་པར་སླར་ཡང་གྲགས་བྱུང་།  
        ཨ་ཁུ་རྒྱ་མཚོས་འཇིགས་ཞེད་དང་ཁ་པར་ངོས་ལ་ལན་ཞིག་བལྟས་རྗེས།   འཛུམ་དམུལ་དམུལ་གྱིས་ཉན་པ་ན།   ཕ་རོལ་གྱི་ཚིག་མགོ་ཐོས་མ་ཐག   འཚུབ་ཆ་འདུག་མི་བཟོད་པ་ཞིག་ལྡང་བྱུང་།
        འོ།  སྐྱབས་མགོན་རིན་པོ་ཆེ་ལགས་ཡིན་ནམ།   ལགས།  ཐུགས་རྗེ་ལགས།   ལགས།  ང་ཆབ་ཆ་ན་ཡོད།  སྒོར་མོ་ད་དུང་མ་བླངས།  ད་དུང་འགྲོ་ལུགས་མང་པོ་ཞིག་བསྒྲུབ་དགོས།   ག་དུས་ཡོང་ཐུབ་པ་ད་དུང་མི་ཤེས།   ལགས།  ང་རང་ཐུགས་ལ་ཤར་བར་བཀའ་དྲིན་ཆེ།
        སུ་རེད།
        མཆོག་སྤྲུལ་མཁའ་ལྡིང་རིན་པོ་ཆེ་རེད། ཨ་ཁུ་རྒྱ་མཚོས་དགའ་ལྷང་ལྷང་གིས་དེ་ལྟར་བརྗོད།
ཅི་ཞིག་བཤད་སོང་།
        སང་ཉིན་ཁོང་རིན་པོ་ཆེའི་འཁྲུངས་སྐར་ཡིན། དགོན་པ་ན་གསོལ་སྟོན་ཤོམ་བཞིན་ཡོད། ང་རང་ལ་ཁོམ་པ་ཡོད་ན་གསོལ་སྟོན་ལ་ཡོང་རོགས་ཞེས་གསུངས་བྱུང་། ངས་དེ་རིང་གི་ཡར་སྔོན་ལ་མཁའ་ལྡིང་ཡིད་བཞིན་ནོར་བུའི་གསུང་ཐོས་མ་མྱོང་།
        དངོས་འབྲེལ་དེ་འདྲ་ཡིན་ནམ། མཆོག་སྤྲུལ་མཁའ་ལྡིང་ལགས་ནི་མཁའ་ལྡིང་དགོན་གྱི་དགོན་བདག་དང་རྫོང་སྲིད་གྲོས་ཀྱི་མགོ་ཁྲིད་ཡིན་ལ།   ཁོང་ཉིད་ཀྱི་འཁྲུངས་སྐར་ལ་གདན་དྲངས་པ་ནི་མགྲོན་པོ་ངོ་སོ་ཅན་འབའ་ཞིག་ཡིན།  ཨ་ཁུ་རྒྱ་མཚོ་ནི་མགྲོན་པོ་དེ་དག་གི་གྲས་ལ་ཚུད་སྲིད་དམ།   གཏན་ནས་མི་སྲིད།   དེ་རིང་ཨ་ཁུ་རྒྱ་མཚོ་ལ་ཅི་ཞིག་བྱུང་སོང་བ་ཡིན་ནམ།  
        དེ་རིང་གི་མགྲོན་པོ་འདི་གཉིས་ནི་དངོས་འབྲེལ་མགྲོན་པོ་ཡ་མཚན་གཉིས་རེད།
        མགྲོན་པོ་ཡ་མཚན་གཉིས་ཀ་དལ་ཅག་གེར་ཟས་ལ་རོལ།
        སྐབས་ཤིག་ལ།  ཁ་པར་སླར་ཡང་གྲགས་བྱུང་།   ཨ་ཁུ་རྒྱ་མཚོས་ཁ་པར་ངོས་ཀྱི་ཨང་གྲངས་དེ་མཐོང་མ་ཐག   བྲེལ་འཚུབ་འདུག་མི་བཟོད་པ་ཞིག་སྐྱེས་བྱུང་།   ཁོས་རེ་ལྟོས་ཆེན་པོ་དང་བཅས་བུ་མོ་མཛེས་མའི་གདོང་ལ་ལྐོག་ལྟ་ལན་འགའ་བྱས་མོད།   མཛེས་མས་ཁོ་རང་ལ་སྡང་མིག་བགྲད་ནས་བལྟས་བྱུང་བས།   ཨ་ཁུ་རྒྱ་མཚོ་འུ་ཐུག་སྟེ་ལག་པ་འཕུར་འཕུར་ལན་འགའ་བྱས།
        ཨ་ཁུ་རྒྱ་མཚོས་ཁ་པར་བཟུང་སྟེ་གསོལ་ཁང་ཕྱི་ལ་བརྒྱུགས།
        བུ་མོ་མཛེས་མ་དེ་འཛེམ་བག་ཅི་ཡང་མེད་པར་ཨ་ཁུ་རྒྱ་མཚོའི་རྗེས་སུ་མཆོང་སོང་།
        ཁོ་གཉིས་སླར་གསོལ་ཁང་ལ་ལོག་སྐབས། བུ་མོ་མཛེས་མས་ཨ་ཁུ་རྒྱ་མཚོའི་ཁ་པར་བཟུང་འདུག་ལ།    ཨ་ཁུ་རྒྱ་མཚོས་ལུས་སྒོང་སྒོང་དང་གཉའ་སྒུར་སྒུར་བྱས་ཏེ་མཛེས་མའི་རྗེས་སུ་འབྲངས་བྱུང་།
        ཁ་པར་གྱི་སྒྲ་སིལ་སིལ་དུ་གྲགས་བཞིན་གདའ།
        མདུན་ལ་བཟའ་བཏུང་ཕུན་སུམ་ཚོགས་པ་ཞིག་བཤམས་འདུག་རུང་།   གཉིས་ཀར་ཟས་ལ་རོལ་པའི་འདུན་པ་གཏན་ནས་མེད་པ་འདྲ།   ཁ་རོག་གེར་ཁ་པར་གྱི་སིལ་སྒྲ་ལ་ཉན་ནས་བསྡད་བྱུང་།
        ཁ་པར་ཡང་ནས་ཡང་དུ་སིལ་སིལ་དུ་གྲགས།
        སྐབས་ཤིག་ལ།  བདག་གི་ཁ་པར་གྲགས་བྱུང་།  
        བཀྲ་ཤིས།   ང་ལྷ་མཚོ་ཡིན།   རྒྱ་མཚོ་ཁྱོད་ཀྱི་གསོལ་ཁང་ན་ཡོད་དམ།
        ཡོད།  ངས་འབོད་དགོས་སམ།
        རྒྱ་མཚོས་བུ་མོ་ཆུང་ཆུང་ཞིག་ཁྲིད་འདུག་གམ།
        ཁྲིད……ངས་མཐོང་མ་བྱུང་། ངས་འཚབ་འཚུབ་ཀྱིས་དེ་ལྟར་བརྗོད།
        ཕར་ཕྱོགས་ནས་ཁ་པར་ཁྲོག་སྒྲ་དང་བཅས་གཏན་སོང་། 
        འོ།  ད་ནི་ཅི་ཞིག་བྱ།  ཁ་པར་གཏོང་མཁན་ནི་ཨ་ཁུ་རྒྱ་མཚོའི་ཆུང་མ་རེད།  ཁོ་མོའང་འདི་གར་སླེབས་འདུག་གམ།   དེ་འདྲ་མིན་པར་སྨོན། 
        ཨ་ཁུ་རྒྱ་མཚོས་གུ་ཡངས་གནང་བའི་རེ་ལྟོས་དང་བཅས་བུ་མོའི་གདོང་ལ་ཡང་ཡང་བལྟས་མོད།  བུ་མོ་མཛེས་མས་མིག་གིས་གནམ་གཅལ་བལྟས་ཏེ་རྔམ་སྟོན་བྱེད་བཞིན་ཡོད་པས།   ཨ་ཁུ་རྒྱ་མཚོའི་སྤྱོད་ལམ་མཐོང་མ་བྱུང་། 
        སྙིང་སྡུག་མ།  ཟས་ལ་རོལ་ཅིག  ཁོང་ཁྲོ་མ་ལངས། ཨ་ཁུ་རྒྱ་མཚོས་ལུས་སྒོང་སྒོང་དང་གཉའ་སྒུར་སྒུར་བྱས་ནས་དེ་ལྟར་བརྗོད།
        རྗེས་སུ་ལས་ཀ་ཁྲེལ་མེད་དེ་འདྲ་ལས་སམ། བུ་མོ་མཛེས་མས་ལུས་པོ་གཡེར་གཡོ་བྱེད་བཞིན་དེ་ལྟར་དྲིས།
        མི་ལས།   དངོས་འབྲེལ་མི་ལས།
        ལས་སོང་ན་ཅི་བྱ།  བུ་མོ་མཛེས་མའི་ཁོང་ཁྲོ་ཅུང་ཟད་ཞི་སོང་།
        རྗེས་སུ་ཁྱོད་ལ་ཁོང་ཁྲོ་བསླངས་ན། དེ་ང་རང་མི་མིན་པའི་རྟགས་ཡིན།
        བདེན་ནམ།
        བདེན།
        དངོས་འབྲེལ་བདེན་པ་ཡིན་ནམ།
        བདེན་པ་ཡིན།
        སྐབས་ཤིག་ལ།  བུ་མོ་མཛེས་མ་དེའི་གདོང་ལ་སླར་ཡང་འཛུམ་མདངས་གསར་པ་ཞིག་རྒྱས་སོང་།
        མགྲོན་པོ་ཡ་མཚན་གཉིས་ཀ་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཟས་ལ་རོལ་བྱུང་ལ། ཁོ་གཉིས་ཀྱིས་གཏམ་གླེང་མང་པོ་བྱས་རྗེས། རླངས་འཁོར་གྱི་སྐོར་གླེང་        བྱུང་། ཚིག་གི་ཤུགས་ལ་བརྟགས་ན།  ཨ་ཁུ་རྒྱ་མཚོས་བུ་མོ་མཛེས་མར་རླངས་འཁོར་ཉོ་གྲབས་ཡོད་པ་འདྲ།  འོན་ཏེ་དབུལ་པོ་སྐད་གྲགས་ཅན་ཞིག་ཡིན་པས། རླངས་འཁོར་ཉོ་བའི་ལས་ཀ་དེ་ནི་སེམས་ལ་འཁོར་སྲིད་པ་ཞིག་ཀྱང་མིན།
        སྐབས་ཤིག་ལ།  ཨ་ཁུ་རྒྱ་མཚོའི་ཆུང་མ་གསོལ་ཁང་ལ་འཛུལ་བྱུང་། 
        ཁོ་མོས་བསེར་བུ་ཕོན་ཞིག་མདུན་ལ་དེད་འདུག་པ་དང་། འཚུབ་མ་གྱ་གྱུ་ཞིག་རྗེས་སུ་ཁྲིད་འདུག
        མོས་ཨ་ཁུ་རྒྱ་མཚོ་དང་བུ་མོ་མཛེས་མ་གཉིས་ཀ་མཐོང་བ་ན། ཨག་རྒྱངས་བྱེད་བཞིན་མདུན་ལ་རྒྱུགས་བྱུང་ལ།  ཨ་ཁུ་རྒྱ་མཚོ་མྱུར་མོར་ལངས་ཏེ་འགྲོ་གྲབས་བྱས་མོད།   ཁོས་ཐར་ལམ་ཞིག་རྙེད་སྲིད་དམ། 
        ཨ་ཨ། དེ་རིང་།  ངའི་གསོལ་ཁང་ནས་འཛམ་གླིང་འཁྲུག་ཆེན་གསུམ་པ་བསླང་དགོས་འདུག
        ང་རང་མྱུར་མོར་ཨ་ནེ་ལྷ་མཚོའི་ཕྱོགས་སུ་བརྒྱུགས། ། 


རྩོམ་ཡིག་རྗེས་མ།
མཛའ་གླུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1