༄༅།། བོད་ཀྱི་འུར་རྡོའི་བྱུང་རིམ་དང་རིན་ཐང་།

སྨིན་དབུས་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-24


འཛམ་གླིང་འདི་རུ་གདོང་དམར་མི་བུ་ཞེས། ། 
ཁྲི་ཕྲག་སྟོང་གི་ལོ་རྒྱུས་ཁུར་བ་ཡི། ། 
གདོད་མའི་མེས་པོ་དཔའ་མཛངས་བརྟུལ་ཕོད་ཀྱིས། ། 
གངས་རིའི་ཁོར་ཡུག་སྲུང་རྣམས་དྲན་པ་ལ། ། 
        དེ་ཡང་གདོང་དམར་བོད་ཅེས་པའི་མི་རིགས་འདི་ལ།  རང་གི་མཁས་པ་དང་མེས་པོ་གོང་མ་རྣམ་པས་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་སྤྲད་འོང་བའི་ལོ་རྒྱུས་དང༌།  དེང་རབས་ཚན་རིག་པས་འདས་དོན་ཞིབ་འཇུག་བྱེད་ཡུལ་གྱི་དུར་ཁང་དང་འགྱུར་རྡོ་སོགས་དཔྱད་སྒོ་ཆེས་མང་པོ་ཞིག་གི་ངོས་ནས།  འཛམ་གླིང་འདིར་འགྲོ་བ་མིའི་རིགས་ཀྱི་ཆེས་ཐོག་མ་ཡིན་མིན་གྱི་བརྟག་གཞི་རུ་གྱུར་ཡོད་པ་ནང་བཞིན།  འཛམ་གླིང་ཆེན་པོའི་སྟེང་ས་བབ་མཐོ་ཚད་མཚོ་འཕགས་རྨི་སྟོང་ཕྲག་གཅིག་ནས་བདུན་བརྒྱད་བར་དུ་སླེབས་པའི་མཐོ་སྒང་གངས་རིའི་ཁོར་ཡུག་འདིར།  འདས་པའི་སྒྲུང་དང་ལོ་རྒྱུས་ཁྲོད།  གདོད་མའི་བོད་ཅེས་ལོ་ངོ་འབུམ་ཕྲག་ཁྲི་ཕྲག་མང་པོའི་གོང་ནས་རང་བྱུང་ཁམས་ལ་བདག་པོ་དང༌།  སྟོབས་རྩལ་ཅན་གྱི་སྲོག་ཆགས་གཞན་རིགས་ལ་འཐབ་རྩོད་དང་དབང་བསྒྱུར་མཛད་དེ་སྐྱེ་འཕེལ་བྱུང་བའི་མི་རིགས་ཤིག་ཡིན་པ།  དཔེར་ན།  བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་ཐོག་མ་གཉའ་ཁྲི་བཙན་པོའི་གོང་རོལ་དུ་བྱུང་བའི་གདོད་མའི་བོད་མི་ཇི་ལྟར་བྱུང་རིམ་མས་ནས་ཡས་རིམ་དུ།  ཟ་རམ་སྐྱེས་དྲུག་གི་དུས་རབས་དང༌།  མ་སངས་སྤུན་དགུའི་དུས་རབས།  རྨུ་ཡི་དུས་རབས།  འགོང་པོ་སྤུན་དགུའི་དུས་རབས།  བདུད་ཀྱི་དུས་རབས།  སྲིན་པོའི་དུས་རབས།  གནོད་སྦྱིན་བཙན་གྱི་དུས་རབས།  འཕྱེ་བོ་ཀླུ་ཡི་དུས་རབས།  མ་སངས་གཉན་གྱི་དུས་རབས།  དམར་འཇམ་ལྷ་ཡི་དུས་རབས་ཞེས་རིམ་པ་བཞིན་ཡར་དེད་དུ་བརྩི་རྒྱུ་ཡོད་པ།  མེས་པོ་གཉའ་ཁྲིའི་དུས་སྐབས་སུ་སྒྲུང་ལྡེའུ་བོན་གསུམ་དུ་གྲགས་པའི་སྒྲུང་གི་བརྗོད་སྙིང་ཡིན་ཚུལ་མེས་པོའི་གོང་མ་དག་གི་ཞལ་རྒྱུན་ལོ་རྒྱུས་ཀྱི་ཁུངས་སྐྱེལ་ཡོད་པ་ལྟར་ཡིན་ལ།  ཆེས་ཐོག་མའི་མེས་པོ་དེ་ཚོས་དུས་ཀྱི་འགྱུར་ལྡོག་དང༌།  རང་བྱུང་ཁམས་ཀྱི་གནོད་འཚེ།  སྲོག་ཆགས་གཞན་རིགས་ཀྱིས་འཚེ་རྒོལ་སོགས་དཀའ་ངལ་གྱི་རྒྱུད་རིམ་བགྲང་དུ་མེད་པ་ཞིག་གི་འོག་ནས་སྐྱེ་འཕེལ་བྱུང་བའི་རིམ་པ་དང་བསྟུན།  འཚོ་སྡོད་ཀྱི་ཐད་ནས་ཀྱང་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་པའི་བྱེད་ཐབས་སྣ་ཚོགས་པའི་བློ་སྒོ་རྒྱས་ཏེ།  དཔེར་ན།  རྩུབ་ཤིང་དང་རྡོ་ལྕགས་བརྡར་འཐབས་ལས་མེ་རྙེད་པ་སོགས་རང་བྱུང་ཁམས་ཀྱི་བྱ་དངོས་བེད་སྤྱོད་ཀྱི་ལག་རྩལ་གཞི་རྐང་བརྟན་པོ་ཚུགས་པར་བྱས་ནས་ཁ་ཟས་འཚོལ་སྒྲུབ་དང༌།  རང་བྱུང་ཁམས་ཀྱི་གནོད་འཚེ་འགོག་སྐྱོབ།  གཅན་གཟན་སོགས་སྲོག་ཆགས་གཞན་ རིགས་ཀྱི་གདུག་རྩུབ་ལས་རྒྱལ་ཁ་ལོན་ཐབས་སོགས་ཀྱི་ཐད་ནས་འགྲོ་བ་མིའི་རིགས་ལ་མཛད་རྗེས་མཐོ་བའི་གསར་གཏོད་བྱ་རིམ་གྱི་རྨང་གཞི་བརྟན་པོ་བཞག་ཡོད་པ་ནི་སྨོས་མེད་ཡིན་པ་ནང་བཞིན།   སྐབས་སུ་བབ་པའི་གླེང་བྱ་བོད་ཀྱི་འུར་རྡོ་ནི།   ད་ལྟ་འཛམ་གླིང་གི་སྟེང་དུ་ལོ་རྒྱུས་ཆེས་རིང་བའི་ལག་ཆའི་རིགས་ཏེ་བོད་ཀྱི་ཐོན་གནའ་རྫས་རྩ་ཆེན་ཞིག་ཡིན་པ་འདས་པའི་ལོ་རྒྱུས་ཀྱིས་ར་སྤྲོད་ཁུངས་སྐྱེལ་བྱས་ཡོད།   
གཅིག བོད་ཀྱི་འུར་རྡོ་ནམ་བྱུང་གི་ལོ་རྒྱུས།  
        ཕལ་ཆེར་ལོ་ངོ་ཁྲི་ཕྲག་མང་པོ་ཞིག་གི་གོང་རོལ་ནས་སྐྱེ་འཕེལ་བྱུང་བའི་བོད་གདོད་མའི་མི་ལ་དུས་རབས་མི་ཉུང་བ་ཞིག་རྩི་རྒྱུ་ཡོད་པ་ལས།  ལོ་རྒྱུས་ལྟར་ན།  བོད་ཀྱི་མངའ་མཛད་དགུའི་ཐོག་མ་གནོད་སྦྱིན་ནག་པོའི་དུས་ནས་བཟུང་དགྲ་འགོག་རང་སྲུང་གི་ནུས་པ་ཐོན་པའི་མཚོན་ཆའི་བྱེད་ཐབས་བཀོལ་རྒྱུའི་སྲོལ་བྱུང་ཡོད་ལ།  ཐོག་མར་མདའ་གཞུ།  སྟྭ་རེ།  དགྲ་སྟྭ།  རྐང་ཤིང༌།  སྒྱོགས།  ཆུ་གྲི།  ཞགས་པ།  འུར་རྡོ།  དོང་རལ།  ཕུབ་ཆུང་སོགས་དར་བར་མངོན།  སྟྭ་རེ་དང་ཆུ་གྲི་སོགས་དར་བར་གྲགས་པའི་ཤུགས་ནས་དཔྱད་ན་དེ་དུས་ནས་བོད་མི་རིགས་ལ་རྡོ་ལྕགས་བཞུ་སྦྱང་དང་ལྕགས་བཟོ་ལྕགས་མགར་གྱི་ལག་རྩལ་ཡོད་པར་མངོན།  དེ་ལས་ཀྱང་འུར་རྡོ་ནི་མངའ་མཛད་དགུའི་ཐོག་མ་གནོད་སྦྱིན་ནག་པོ་ནས་བགྲང་པའི་དྲུག་པ་ཀྲོག་ཀྲོག་འདྲེ་ཡི་དབང་བསྒྱུར་གྱི་དུས་ནས་དར་བར་མངོན།  བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་གྲགས་ཅན་《མཁས་པའི་དགའ་སྟོན།》ལས།  དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །ལིང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན། །ཞེས་སོགས་དང༌།  དེ་བཞིན་གཞན་དུ།  ཡུལ་གླིང་སྲིན་པོ་ནག་པོའི་ཡུལ་དགུ་ཟེར། ། བྲག་རི་དམར་ནག་ནགས་ཁྲོད་གནས་སུ་བཟུང༌། །མི་རྣམས་སེམས་ཅན་ཤ་ཟ་གདོང་བ་དམར། །སྲིན་མོའི་རྐང་དང་འུར་རྡོ་ལག་ཆ་བྱུང༌། ལྟ་བུ་ཅུང་མཐུན་མིན་མངའ་མཛད་ལྔ་བ་དང་དྲུག་པ་གཉིས་ཀྱི་དུས་ལ་ངོས་འཛིན་སྟངས་མི་འདྲ་བའི་གླེང་ཕྱོགས་མཆིས་ན་ཡང༌།  གདོད་མའི་བོད་མི་མངའ་མཛད་དགུའི་དུས་སྐབས་སུ་དར་བ་ཡིན་པར་ཐམས་ཅད་གཅིག་མཐུན་འགལ་མེད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མངོན་པ་འདི་ནི་བོད་ཀྱི་འུར་རྡོའི་ལོ་རྒྱུས་དུས་ཡུན་གསལ་བྱེད་བདེན་དཔང་ཡིན་པ་སྙོན་མེད་དོ། ། 
གཉིས་པ།   བོད་མིས་འུར་རྡོ་བཀོལ་སྤྱོད་བྱས་པའི་ལོ་རྒྱུས་དང་སྤྱོད་སྒོ།    
        བོད་གདོད་མ་མངའ་མཛད་དགུའི་དུས་རབས་ནས་འུར་རྡོ་བཀོལ་ནས་མིའི་ཚེ་སྲོག་ལ་འཚེ་བའི་གཅན་གཟན་གདུག་པ་ཅན་གྱི་གདོང་བླངས་པ་དང༌།  ཁོར་ཡུག་གི་དགྲ་ཟླ་ལ་ཡ་ལན་སྤྲད་པ།  རི་སྐྱེས་སྲོག་ཆགས་རྔོན་ནས་ཁ་ཟས་འཚོལ་སྒྲུབ་བྱས་ཡོད་པ་སོགས་ནི།  དེང་ཐོག་འུར་རྡོ་གསར་བཟོ་དགོས་པའི་རྒྱུ་མཚན་གྱི་ཤུགས་ལས་གཏོགས་ཐུབ་པ་དང༌།  དུས་རབས་དེའི་འཛམ་གླིང་ལ་མཚོན་ན་འུར་རྡོ་ནི་དགྲ་ཟླ་ཕན་ཚུན་ལག་ཐུག་མི་དགོས་པར་གོམ་པ་བརྒྱ་ཕྲག་མང་པོའི་བར་ཁྱད་ཀྱིས་ཕྱེས་ཀྱང༌།  རྒྱང་ཐུབ་དྲག་ཆས་ཀྱི་ལག་ཆ་ཕུལ་དུ་བྱུང་བ་ཞིག་ཡིན་པ་རྗེས་དཔྱོད་ཀྱིས་ཤེས་ནུས་པར་མ་ཟད།   བོད་གདོད་མའི་མེས་པོ་ཚོའི་བློ་རྩལ་དང་གསར་གཏོད་ནི་སྐབས་དེའི་འཛམ་གླིང་ལ་མཚོན་ན་འགྲན་ཟླ་མེད་པ་ཞིག་དང་ཆེས་སྔོན་ཐོན་ཡིན་པ་ཡང་ཤུགས་ནས་རྟོགས་ཐུབ་འདུག དེ་ནས་རིམ་བཞིན་རྗེ་གཉའ་ཁྲི་སྟེ།  སྤུར་རྒྱལ་རིམ་བྱོན་གྱི་དུས་སྐབས་དང་ལྷག་པར་བོད་སིལ་བུ་འཐོར་བའི་རྗེས་ཐོག་ཏེ། ད་ལྟའི་བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་བཅུ་ཕྲག་གི་དུས་ནས་ཡར་བརྩིས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་དུ་བྱུང་བའི་བོད་ཀྱི་དཔའ་བོ་དམག་དོན་པ།  གླིང་རྗེ་གེ་སར་རྒྱལ་པོའི་དུས་སྐབས་ནི་བོད་གདོད་མའི་དུས་དང་བསྡུར་ནས་འོང་ན་བཟོ་ལས་ལག་རྩལ་སོགས་འཕེལ་རྒྱས་སུ་འགྲོ་དུས་ཤིག་དང་ཁེལ་ཡོད་མོད།   མཚོན་ཆ་ལ་ལྟོས་ན་ད་དུང་གདོད་མའི་ལག་ཆ་མདའ་གཞུ་སོགས་དང་དེ་ལས་ཀྱང་འུར་རྡོ་བཀོལ་བ་རྒྱུག་ཆེ་བ་གསལ་བར་མངོན་པ།   མི་རབས་ནས་མི་རབས་བར་ངག་ནས་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་རང་བཞིན་ཅན་གྱི་གླིང་སྒྲུང་སྐོར་དང༌།  དཔའ་བོའི་སྟོད་སྒྲུང་གི་སྐོར་ལས་གསལ།  དཔེར་ན་བོད་རབ་བྱུང་དང་པོའི་བགྲང་བྱ་བཅུ་ཕྲག་གི་སྐབས་ཡས་མས་སུ་བྱུང་བའི་གླིང་གེ་སར་རྒྱལ་པོ་སྐུ་ན་ཕྲ་དུས་སུ་ཁོང་གིས་འུར་རྡོ་བ་ཟིས་བིས་ཁྲ་ཞེས་པ་བཀོལ་སྤྱོད་བྱས་ཏེ་དངོས་ཡོད་ཧོར་གྱི་ཐོག་རྨོག་རལ་ཆེན་ཞེས་པའི་དགྲ་བཏུལ་བ་དང།   དེ་བཞིན་དུ་དངོས་མེད་ཀྱི་ལྷ་འདྲེ་མ་རུང་བའི་ཚོགས་འུར་རྡོ་བཀོལ་ནས་བཏུལ་བ།  ཐ་ན་ཨབ་བྲ་དང་ཁོར་ཡུག་གི་སྐྱེ་དངོས་ལ་གནོད་པའི་རིགས་ཚར་བཅད་པའི་ལོ་རྒྱུས་ངག་རྒྱུན་དང་སྒྲུང་རྩོམ་ཡོད་པ། དཔེར་ན།  བོད་མདོ་ཁམས་ཀྱི་མཁས་གྲུབ་དམ་པ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་དངོས་སློབ་ཐུབ་བསྟན་འཇམ་དབྱངས་གྲགས་པ་ཞུ་བས་བརྩམས་གནང་མཛད་པའི་གླིང་སྒྲུང་གི་དཔེ་ཆ།  《  འཁྲུངས་གླིང་མེ་ཏོག་ར་བ།》ཞེས་པ་ཁམས་སྡེ་དགེ་གླིང་ཚང་གི་ཤིང་པར་མ་ན།  འུར་རྡོ་བཀོལ་བའི་སྐོར་མང་པོ་དང༌།   སྒྲུང་དཔེ་དེའི་སྨད་ལེའུ་རྨ་ས་བཟུང་དར་དཀར་མདུད་པ་རུ་ཁམས་ཕྱོགས་ཁ་བས་མནན་ཕྱིར།  གླིང་གི་བློན་ཆེན་འདན་མ་བྱང་ཁྲ་དང༌།  ཁུ་བོ་ཁྲོ་ཐུང་སོགས་གླིང་གི་མི་དྲུག་རྨ་ཡུལ་དུ་ཇོ་རུ་ལ་ས་གཡར་བ་ཞུ་རུ་འོང་སྐབས།  གེ་སར་གྱིས་དཔའ་བོ་དྲུག་ལ་ཉམས་སད་དུ་བླངས་པའི་གླུ་ཞིག་ན་འདི་ལྟར། ངའི་ལག་ན་བཟུང་བའི་འུར་རྡོ་འདི། །དགྲ་བླའི་རྟེན་མཁར་དང་པོ་ཡིན། །མྱུར་མགྱོགས་ནང་གི་ཆེ་བ་ཡིན། །མ་མཁའ་འགྲོ་སྟོང་གི་དབུ་སྐྲ་དང༌། །སེང་གེ་དཀར་མོའི་གཡུ་རལ་གཉིས། །རྒྱ་སྟག་ཁྲ་བོའི་སྨ་ར་གསུམ། །བྲེ་སེ་འབྲོང་གི་དཔུང་རྩིད་བཞི། །སོག་དཀར་དྲེད་ཀྱི་སྙིང་སྤུ་ལྔ། །དེ་ལྔ་འུར་རྡོའི་རྒྱུ་རྩ་བྱས། །ཡར་མཆོག་ཡར་ངོ་གསུམ་ལ་སླས། །ཡར་ངོ་འབྲུག་གི་དུས་དང་སྤྲད། །གཡུག་ན་འབྲུག་སྒྲ་གྲགས་ལེ་ཐོན། །མར་མཆོག་མར་ངོ་གསུམ་ལ་སླས། །མར་ངོས་བྱ་དུས་ཁོ་ནར་སླས། །འཕངས་ན་བྱ་ལམ་ཆོད་ལེ་བྱུང༌། །བཅོ་ལྔ་གསུམ་གྱི་ཐོ་རངས་ལ། །འུར་མཐིལ་སྟག་གི་དུས་དང་བསྒྲིགས། །གཉན་སྟག་འཁོར་བའི་རྟེན་འབྲེལ་བྱས། །ཚར་ལྕེ་ཉེར་དགུའི་ཉིན་མོ་ཡི། །ནམ་ལངས་གསུམ་གྱི་དུས་ལ་བཙེམས། །གར་གཏད་ས་ལ་ཕོག་ལེ་བྱུང༌། །རྡོ་ནག་ལུག་གི་གྲོད་འདྲ་འདི། །ལྷ་འདྲེ་སྟོང་གི་བླ་རྡོ་ཡིན། །མི་དྲུག་མདུན་གྱི་བྲག་ལ་གཏད། བྲག་དཀར་ཐོག་གིས་གཏོར་འདྲ་བྱེད། །ཅེས་འུར་རྡོའི་གྲུབ་སྟངས་དང་ཁྱད་ནུས་བརྗོད་ཡོད་པ་དེས་འདས་པའི་ལོ་རྒྱུས་སྟེང་གི་འུར་རྡོ་དེ།  དེ་རིང་གི་རྟོག་ངོར་གསལ་ལྷམ་མེ་བ་ཞིག་ངོ་སྤྲོད་གནང་ཡོད་པ་དང༌།  དེ་བཞིན་ཧོར་གླིང་གཡུལ་ཆེན་གྱི་སྐབས་ཧོར་སྡིག་གཅོད་ཤན་པ་མེ་རུ་རྩེས།  གདོང་འབུམ་པ་ཞལ་དཀར་གྱི་དབུ་བཅད་དེ་ཤོར་ཉིན་གླིང་གི་བློན་ཆེན་དཔའ་ཚ་ཞང་འདན་མ་བྱང་ཁྲས་འུར་ཁྲ་ཐུང་མ་ཞེས་པ་བཀོལ་ནས་ཧོར་ཤན་པའི་དཔུང་ལྷུ་བྲལ་ནས་རྨས་བཟོས་ཚུལ་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱི་སྐུ་དུས་སུ།  སྒྲུང་པ་གྲགས་ཅན་ནང་ཆེན་སྒྲུང་པ་ཚེ་རིང་དོན་གྲུབ་ཞུ་བ་སོགས་བོད་མདོ་ཁམས་གླིང་གསུམ་གྱི་སྒྲུང་མཁན་མང་པོས་ཞལ་མཐུན་དུ་ཡི་གེར་ཕབས་པར་གྲགས་པའི་སྒྲུང་དཔེ།  《  ཧོར་གླིང་གཡུལ་འགྱེད།》སྟོད་ཆ་ན་འདི་ལྟར་བྲིས་འདུག   བློན་འདན་མས་འདའ་འཕེན་རྩིས་སྐབས།  འབྲུ་དགའ་བདེ་ན་རེ། ཞལ་དཀར་གྱི་དབུ་ཁྱེར་འདུག་གཤིས་མདའ་འཕངས་ཀྱང་ཕོག་མི་ཡོང༌།  དེ་ལས་འུར་ཁྲ་ཐུང་མ་དེ་རྒྱོབས་དང་ཟེར།  དེར་འུར་མཐིལ་དུ་རྡོ་དཀར་ཞིག་བཅུག་ནས་བཞག་སྟེ།  ན་རེ།  ལས་ནག་པོ་འབུམ་པའི་ལྷ་རྒྱུད་དེ། །དབུ་དར་འཕྲུ་ཤ་ལེར་ཁྱེར་ཞིང་འདའ། །འུར་ཁྲ་ཐུང་གིས་ཤ་ལན་མ་འཕྲོད་ན། ། གླིང་གེ་སར་ལྷ་མེད་ཡིན་པའི་རྟགས། །ཟེར་ནས་རྡིག་ཆོམ་དུ་སོང་བ་ཤན་པའི་དཔུང་བ་གཡས་པར་ཕོག་སྟེ་དཔུང་ལྷུ་བྲལ།  ཅེས་གསལ་བ་སོགས་གླིང་དུས་སུ་འུར་རྡོ་ལ་དགྲ་འགོག་དྲག་ཆས་ཁྲོད་ཀྱི་གོ་གནས་མཐོ་ཤོས་ཡོད་པ།  ལོ་རྒྱུས་རང་བཞིན་གྱི་སྒྲུང་དཔེ་དུ་མ་དང༌།  གླིང་དཔའ་བོའི་བསྟོད་ཚོགས་ལྷ་སྒྲུང་སྒྱུ་རྩལ་གྱི་ཉམས་བསྲེས་པ་དག་ན་འུར་རྡོའི་བཟོ་སྟངས།  བཀོལ་སྤྱོད་བྱེད་སྟངས།  འུར་རྡོའི་ནུས་པ་སོགས་ཤིན་ཏུ་མང་པ་དང༌།   གླིང་གེ་སར་སྐྱེས་བུའི་དཔའ་དགྲ་བླའི་གོ་མཚོན་སྣ་དགུའི་ཡ་གྱལ་དུ་འདྲེན་སྲོལ་ཡོད་པ་སོགས་ཀྱིས་ཤེས་ནུས།  དེ་བཞིན་དུ་དེའི་ཕྱིས་བོད་རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག་སྤྱི་ལོ(1904)ལ་དབྱིན་བཙན་རྒྱལ་ཁབ་ཀྱིས་བོད་ལ་ཐོག་འགེལ་སྐབས་བོད་པས་འུར་རྡོ་བཀོལ་ནས་དབྱིན་དམག་ལ་འགོག་རྒོལ་དྲག་པོ་བྱས་པ་དང༌།  དེ་ནས་བཟུང་བོད་མིས།  འཇམ་པོ་བལ་ལས་བཟོས་པའི། །འུར་རྡོ་ཆུ་མིག་དགུ་སྒྲིལ། །ཆུ་མིག་གཞུང་ནས་བརྒྱབ་པས། །དབྱིན་ཇིའི་སྣ་ལ་ཐེབས་སོང༌། །ཞེས་གླུ་གཞས་ལེན་པའི་སྲོལ་ཡོད་ཚུལ་དུང་དཀར་ཚིག་མཛོད་སོགས་ན་གསལ་བ་ལྟར།  བོད་ཀྱི་ལོ་རྒྱུས་རྒྱུད་རིམ་ཁྲོད་མེས་པོ་གོང་མའི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་འུར་རྡོ་ལ་བརྟེན་ནས་གདོད་མ་ནས་ད་ལྟའི་བར།  རྒྱལ་སྲིད་བརྟན་སྲུང་གི་ཆེད་དུ་དམག་ཆས་ཏེ།  ཕྱིའི་དགྲ་འགོག་གི་ལག་ཆ་དང༌།  ཐར་བའི་འཇུག་སྒོ་འཚོལ་བ་ལ་དགྲ་བའི་གསང་བ་ཉོན་མོང་གི་དགྲ་བོ་ཞི་བྱེད་གཅོད་ལུགས་པའི་ཕྱག་ཆ།  ཐ་ན་རྟ་ནོར་ར་ལུག་འཚོ་སྐྱོང་ལ་དགྲ་བའི་འཕར་སྤྱང་འགོག་ཆས་སོགས་ལ་བཀོལ་མྱོང་ཞིང༌།  ད་ལྟའི་དུས་སུ་དར་རྒྱས་སུ་འགྲོ་བཞིན་པའི་འགྲོ་བ་མི་རིགས་ཀྱི་ཚེ་སྲོག་ཞི་བདེར་ཤིན་ཏུ་དགྲ་བའི་དུག་རྫས་ཀྱི་རང་བཞིན་ཅན་དང༌།  འགས་གཏོར་ནུས་སྟོབས་ཅན་གྱི་མཚོན་ཆ་ནག་པོའི་རིགས་ལྟ་བུའི་ཧ་ཅང་འཇིགས་སྐུལ་ཚབས་ཆེན་གྱི་ཉེན་ཁ་ཡང་མེད་པར་འོས་འཚམས་སྟབས་བདེའི་ལག་ཆ་རིན་ཐང་ཅན་ཞིག་ཡིན་པ་མངོན་གསལ་ལོ། །  
གསུམ་པ།  བོད་ཀྱི་འུར་རྡོའི་རྒྱུ་སྤུས་བྱུང་རིམ་ནས་བཟོ་ཁྱད་བཀོལ་སྟངས།   
        རྗེས་བློས་གཞལ་ན།  གདོད་མའི་མངའ་མཛད་དུས་ཀྱི་འུར་རྡོའི་རྒྱུ་ཆ་ནི་གཙོ་བོ་ཤིང་ཤུན་དང༌།  ཤིང་རྩད་རྩྭ་རྒྱུས་སོགས་སླས་པའམ་བསྒྲིམས་ནས་བཟོས་པ་དང༌།  མི་དང་སྤྲ་ཡི་སྐྲ་བསྒྲིམས་པ་དང་སླས་ནས་བཟོས་པའི་རྒྱུད་རིམ་ནས་མིའི་བློ་སྒོའི་འཚར་ལོངས་དང་བསྟུན།  སྲོག་ཆགས་ཀྱི་ཀོ་བ་དྲས་ཏེ་རྒྱུན་བུས་བཟོས་པ་དང༌།  གཅན་གཟན་སྣ་ཚོགས་དང་རི་སྐྱེས་སྲོག་ཆགས་ཀྱི་སྤུ་བསྒྲིམས་ཏེ་བཟོས་པ་ནས་ནོར་ལུག་གི་སྤུ་བཀོལ་ནས་བཟོ་བ་དང་དར་སྐུད་སོགས་བསྒྲིམས་པ་དང་སླས་ཏེ་བཟོ་ཤེས་པ་ད་ལྟའི་བར་རིམ་པར་བརྒྱུད་དེ་རྒྱུ་སྤུས་ཅན་དང༌།  ལག་རྩལ་རང་བཞིན་ལྡན་པའི་འུར་རྡོ་ཞེས་པའི་ལག་ཆ་དེ་གྲུབ་གནས་བྱུང་ཡོད་ལ།   བོད་ཀྱི་འུར་རྡོའི་བཟོ་དབྱིབས་དང་བཀོལ་ཚུལ་གྱི་ཆ་ནས་མཚོན་ཏེ་བསམས་ན།  ལོ་ངོ་ཁྲི་ཕྲག་མི་ཉུང་བའི་ཡ་སྔོན་བོད་གདོད་མའི་དུས་ནས་ད་ལྟའི་བར་ལྟ་བུ་ལྟ་ཅི།   དུས་རབས་རེ་གཉིས་དང་ཐ་ན་ལོ་རབས་ཁ་ཤས་རིང་མིའི་སྤྱོད་སྟངས་དང་དངོས་པོ་བེད་སྤྱོད་བྱེད་ལུགས་ཧ་ཅང་འགྱུར་བའི་རིམ་པ་ཅན་ཡིན་པ་ནི་དངོས་པོའི་གནས་ལུགས་ཤིག་ཡིན་པ་ནང་བཞིན།  ད་ལྟའི་དུས་ཀྱི་མདའ་གཞུ་སོགས་མཚོན་ཆ་གཞན་དག་དང་བལྟས་བསྡུར་བྱས་ན།  བོད་ཀྱི་འུར་རྡོ་ནི་རྒྱུ་སྤུས་དང་བཟོ་ཁྱད་ཀྱི་ཐོག་ནས་མཛེས་ཆོས་སྤྲས་བཅས་ཀྱི་འགྱུར་བ་ཅུང་བྱུང་ཡོད་པ་ཙམ་མ་གཏོགས།  བཟོ་དབྱིབས་ཀྱི་རྣམ་པ།  རྒྱུ་ཆ།  བཀོལ་སྤྱོད་བྱེད་སྟངས་སོགས་ཀྱི་ཐད་ནས་ད་དུང་གདོད་མ་ཅི་བཞིན་དུ་རང་སོར་གནས་ཡོད་པར་སེམས།  དེས་ན་བོད་ཀྱིས་འུར་རྡོ་འདིས་བོད་མི་རིགས་ཀྱི་ཆེས་རྒྱུན་རིང་གི་ལོ་རྒྱུས་ལ་བདེན་དཔང་བྱས་ཡོད་པར་མ་ཟད་འཛམ་གླིང་གི་རིག་མཛོད་ཁྲོད།  ཆེས་ཕུལ་དུ་བྱུང་བའི་གནའ་རྫས་ཀྱི་ཁྱད་ཆོས་མངོན་ཐུབ་ཡོད་པ་དང༌།  ཆེས་མཐོའི་གོ་གནས་ཟིན་ཡོད་པར་སྣང༌།        
འུར་རྡོ་ཞེས་པའི་ལག་ཆ་དེའི་མིང་སྤྱི་གྲུབ་ཀྱི་ཆ་ཤས་སུ་འུར་གྱི་ཡ་མཆོག་དང༌། འུར་གྱི་མ་མཆོག(འདི་གཉིས་ལ་ཡ་ཆ་དང་མ་ཆ་ཞེས་འབོད་སྲོལ་ཡང་ཡོད།)འུར་མཐིལ། འུར་གྱི་དཔའ་ལུང་ངམ་མཛུབ་ལུང༌།  རྡོ་ལེན་ནམ་རྡོ་དཀྲིས།  ཚར་ལྕེའམ་འུར་ལྕེ་སོགས་འདུས་ཡོད་པ་དང༌།   དེ་ཡང་འུར་མཐིལ་དཀྱིལ་དུ་བྱས་པའི་འུར་ཡ་མཆོག་མཛུབ་ལུང་གི་ཕྱོགས་སུ་ངོས་འཛིན་ལ།  རིང་ཚད་བཀོལ་སྤྱོད་མཁན་མི་རང་རང་གི་གཞུ་འདོམ་གང་དང༌།  འུར་མ་མཆོག་ལ།  འུར་མཐིལ་གྱི་ཁ་རྩ་ནས་སོར་བཅུ་ཙམ་ལ་རྡོ་ལེན་ནམ་རྡོ་དཀྲིས་ཟེར་ཞིང་རྩིད་རྐུད་ཁ་དོག་འཐབས་ཏེ་དཀྲི་བའམ།  པགས་རིགས་སོགས་དངོས་པོ་སྲ་མོས་གཡོགས་པའི་སྲོལ་ཡོད་པ་དང༌།  དེའི་ཕྱོགས་སུ་ཚག་ལྕེ་ཁྲ་སླས་ཀྱིས་སྤྲད་པ་བཅས་ལ།  བཀོལ་མཁན་གྱི་རང་འདོམ་གང་གི་ལྷག་ཙམ་བྱས་ན་བཀོལ་བདེ་བ་ཡིན།   ད་ལྟའི་འུར་རྡོ་ལ་སྒྲིམ་མ་དང་སླས་མ་གཉིས་ལས་སླས་མ་ཅུང་རྒྱུགས་ཆེ་བ་ཡིན་ལ།   འུར་སླེ་སྟངས་ལ་ཡང་ཐུན་མོང་མ་ཡིན་པའི་རྣམ་གྲངས་དུ་མ་ཞིག་ཡོད་པ་ནི།  ཆུ་མིག་དགུ་སྒྲིལ།   ཐ་གུ་ཁྲ་སླས།  ཟུར་མིང་སྒང་སླས།  མདུད་པ་དགུ་སྒྲིལ།  རྐྱ་གཡས་སྒྲིམ་དང་གཡོན་སྒྲིམ་གཉིས་ཁྲ་བཟོ་བྱེད་པ་སོགས་ཡོད་ལ།  དེ་ལས་ཀྱང་ཆུ་མིག་དགུ་སྒྲིལ་ནི་འུར་རྡོ་སླེ་སྟངས་ཀྱི་གྲས་ནས་མཛེས་ཤོས་ཡིན་པར་མ་ཟད།  བོད་ཀྱི་ནང་བསྟན་ཆོས་ལུགས་པའི་ཟབ་མོ་རྟེན་འབྲེལ་གྱི་འཆར་སྒོའམ།  གཅོད་སྔགས་སོགས་ཀྱི་རྟོགས་ཆ་ནས།  འུར་རྡོ་ཆུ་མིག་དགུ་སྒྲིལ་ལ་ནི་བྱིན་རླབས་ནུས་སྟོབས་ཁྱད་པར་བ་ཡོད་ཚུལ་གྱི་གསུང་སྲོལ་ལྟར་ན།  ཆུ་མིག་དགུ་སྒྲིལ་གྱི་འུར་རྡོ་བྱས་ན་གཟུགས་དབྱིབས་ཀྱི་གྲུབ་སྟངས་རྐྱང་བའི་སྟེང་ན་ཡང་མིའི་བདེ་འཇགས་ལ་རམ་འདེགས་ནུས་པའི་གཟུགས་མེད་ཀྱི་སྟོབས་ཤུགས་དང༌།  ཁྱད་ཆོས་ཡོད་པ་གཅོད་ལུགས་སོགས་ལ་གཞིགས་ན་མང་མོད།  སྐབས་སུ་དེ་ཙམ་གྱིས་འཐུས་པར་བྱ།  འུར་མཐིལ་ནི།  ཕྱིང་པ་དང༌།  ཀོ་བ་སོགས་སྤྲད་དེ་བཟོ་སྲོལ་ཡོད་ལ།  ལེགས་ཤོས་ནི་འབྲོང་མོའི་རྐན་སླས་དང༌།  ཁྲ་སླས་ཀྱིས་གྲུབ་པའི་རིགས་གཉིས་ཡིན་པར་ཐོས།  འོན་ཀྱང་ད་ལྟ་མདོ་དབུས་ཁམས་གསུམ་ན་ཅུང་མི་འདྲ་བའི་འུར་མཐིལ་སྤྲོད་སྲོལ་ཡོད་པས་མཐའ་གཅིག་ཏུ་ངེས་པ་མི་འདུག་མོད།   གང་ལྟར་བོད་ཀྱི་འུར་རྡོ་གྲུབ་སྟངས་ཀྱི་ཆ་ནས་གཞིགས་ན་བོད་མི་རིགས་ལ་ཐག་པ་སྒྲིམ་སླས་ཀྱི་ཁྱད་ཆོས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཤུགས་ནས་རྟོགས་ཐུབ།   
བཞི་བ།  བོད་ཀྱི་འུར་རྡོའི་བྱེད་ནུས་དང་རིན་ཐང་།   
        འུར་རྡོ་ལ་བརྟེན་ནས་བོད་གདོད་མའི་དུས་རབས་མང་པོ་ཞིག་གི་རིང་ནས་བཟུང་རིམ་རྒྱུད་དུ་དང་པོ་རང་བྱུང་ཁོར་ཡུག་ནས་མི་དང་མཉམ་དུ་འཚར་ལོངས་བྱུང་བའི་གཅན་གཟན་གྱི་རིགས་ལ་འགོག་རྒོལ་བྱས་ཡོད་པ་དང༌།  བར་སྐབས་ཤིག་ནས་མི་རིགས་དང་མི་རིགས་བར་གྱི་འགལ་ཟླ་དང་འགྲན་རྩོད་གཡུལ་ལས་ཀྱི་རྒྱུད་རིམ་ཁྲོད།  དགྲ་ཡ་འགོག་འདུལ་སོགས་དྲག་ཆས་ལག་ཆ་ཕུལ་བྱུང་གི་བྱེད་ནུས་དང་རིན་ཐང་གི་གོ་གནས་བཟུང་ཚུལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཅས་ཡོད་པ་དང༌།   དེ་བཞིན་དུ་འུར་ཁྲ་ནི་བོད་ཀྱི་དགྲ་ལྷའི་གོ་མཚོན་གྱི་ཚབ་ནུས་རྫས་རྟེན་ཁྱད་པར་བ་དང།  ཝེར་མའི་རྟེན་མཁར་དང་ཆོས་སྐྱོང་གི་བླ་གནས།  ནོར་བདག་གི་གཡང་རྫས།  རྣོ་མཐོང་བས་འཇུ་ཐུག་གི་ཚབ་དང་མོ་ཆས།(འུར་མོ་འདི་ཨ་མདོ་འབྲོག་ཕྱོགས་མ་གཏོགས་གཞན་དུ་དར་མིན་མ་ངེས།  འཕྲོས་དོན་དུ་འུར་མོ་ཇི་ལྟར་འདེབས་ཚུལ་ཅུང་བཀོད་ན།  དེ་ཡང་རང་རང་གི་དོན་བྱ་ལ་དམིགས་ཏེ་ནོར་ལྷ་དང་རྫི་ལྷ་ཞེས་བདེན་པ་བརྡར་བཞིན།  འུར་ཐག་ཉིས་ཁུགས་ལ་ཁུག་མདུད་གཅུ་ལེན་བྱས་ཏེ་ལག་གཡས་གཡོན་གཉིས་ཀྱིས་འཐེན་བཤིགས་བྱས་ཏེ་བརྟག་རྒྱུ་ཞིག་ཡིན།  བརྟག་ཡུལ་ལ།  འུར་ཡ་མཆོག་མ་མཆོག་གཉིས་ཨ་ལོང་ལྟར་སྦྲེལ་ནས་བབ་རྒྱུ་ཞིག་ཡོད་པ་ནི་མཛོ་མོའི་གསེར་རྣ་ཞེས་པ་མོ་རབས་སུ་བརྩི།  ལག་པ་གཡས་གཡོན་གཉིས་ལ་འུར་ཡ་མཆོག་མ་མཆོག་གཉིས་ཁུགས་པ་རེ་རེ་བྱས་ཏེ་བབ་ན།  དེ་ལ་རི་བོང་རྣ་ཅོར་ཟེར་ལ་ཅུང་ལེགས་པའི་ངོ་རུ་བརྩི།  ཆ་བསྣོལ་ཏེ་རྐྱང་ཤད་དུ་བབ་ན་ཐུག་གུ་ཐུག་རྐྱང་ཟེར་ཞིང་འཚུབ་ངོ་རུ་བརྩི།   ཆ་གཉིས་ཨ་ལུང་གཅུ་བསྣོལ་དུ་བབ་པར་མིད་པ་རྐེ་གཅུ་ཟེར་ཞིང་ཆེས་ངན་ངོ་རུ་བརྩི་བ་སོགས་དཔྱད་ཚུལ་ཤིན་ཏུ་མང་པོ་འདུག་པར་མ་ཟད་རྣོ་མཐོང་གི་ཁྱད་ཆོས་ལྡན་པའི་ལག་ལེན་ད་ལྟ་ཡང་བོད་དམངས་ཁྲོད་དུ་སྲོལ་མ་ཉམས་པར་ལག་ལེན་བྱེད་བཞིན་ཡོད།)གཞན་དུ་ཞི་བྱེད་པས་ཆུ་མིག་འགྲིམ་པའམ་གཉན་ས་གཅོད་སྐབས་ཀྱི་གཅོད་ཆས།  སྔགས་པས་རྡོ་ཟོར་འཕེན་སྤྱད་ཀྱི་ཐུན་རྫས།  བོད་ཀྱི་ལྷ་མོའི་ཟློས་གར་སོགས་ཀྱི་སྐབས་ལུས་རྒྱན་ནམ་གར་ཆས་ཀྱི་གྲས་དང༌།   སྐྱེས་པ་ཚོས་ཀྱང་ཆེད་དུ་འུར་རྡོ་བཀོལ་སྤྱོད་དང་མཐོང་ཆེན་བྱེད་དགོས་པའི་སྐབས་མང་པ་དཔེར་ན།  དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་ཡར་སྔོན་དུ་བོད་མདོ་དབུས་ཁམས་གསུམ་སྤྱི་དང་ཁྱད་པར་ཨ་མདོ་མགོ་ལོག་སོགས་སུ་སྐྱེས་པ་ཚོས་རྒྱན་འགྱེད་རྩེད་མོའི་སྐབས་དང༌།  མི་དང་མིའི་བར་རམ་སྡེ་བ་དང་ཚོ་ཁག་ཕན་ཚུན་བར་མི་མཐུན་པའི་འཁོན་རྩོད་འདུམ་སྐབས་དཀར་ནག་གི་དབྱེ་བ་འབྱེད་དཀའ་རིགས་ལ་ཤོ་འཕང་སྟེ་ཤོ་སུ་རྒྱལ་དཀར་པོར་གཏོང་བའི་སྲོལ་རྒྱུན་གྱི་ཁྲིམས་ལུགས་ཀྱི་ཤོ་འཕེན་པའི་སྐབས་གང་ཟག་རང་རང་གི་ཤོ་འབོད་དང་སྨོན་ཚིག་བརྗོད་པའི་སྲོལ་གྱི་ཁྲོད་དུ་འུར་རྡོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སུ།  ཤོ་འབོད་སྒྱུ་རྩལ་གྲས་ཀྱི་གསུམ་པ་ཁའམ་ཀེ་ལེའི་ཤོ་འབོད་ཀྱི་སྐབས་སུ་འདི་ལྟར་འབོད་སྲོལ་འདུག ཁ་མི་དལ་མ་ཎི་ཐོན་དང༌། །མ་ཎི་ཆོས་ཀྱི་འགོ་མ། །ལག་མི་དལ་འུར་རྡོ་ཟུངས་དང༌། །འུར་རྡོ་མཚོན་གྱི་ཐོག་མ། །ཞེས་སྐྱེས་པ་ཚོའི་ཁ་ན་ཤར་རྒྱུག་ཏུ་ཡོད་པ་ད་ལྟའི་རྒས་པོ་ཚོའི་བར་གནས་པ་དང༌།  ཐ་ན་རྫི་བོ་ཚོས་འཕར་སྤྱང་འགོག་བྱེད་དང་ནོར་ལུག་གཅུན་ཆས་སོགས་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཁ་འབྲལ་ཐབས་མེད་པའི་ཕྱི་དངོས་པོའི་ཆ་དང༌།   སྨན་ཤར་གྱི་རྒྱན་ཆ་སོགས་ནང་སེམས་ཁམས་ཀྱི་འཛིན་སྟངས་དང་མཛེས་དཔྱོད་ཀྱི་ཆ་ནས་ཀྱང་རིན་ཐང་བླ་མེད་ཀྱི་དངོས་པོ་ཞིག་གི་གོ་གནས་བཟུང་ཡོད་ཚུལ་ནི།  བོད་ཀྱི་ལོ་རྒྱུས་དང་ངག་རྒྱུན།  དོན་དངོས་ས་བོན་ཅན་གྱི་གླིང་སྒྲུང༌།  ལྷ་མོའི་ཟློས་གར་སོགས་ཀྱིས་ར་སྤྲོད་བྱས་ཡོད་པ་ནང་བཞིན།  ད་ལྟའི་དུས་སྐབས་སུ་བོད་ཀྱི་འུར་རྡོ་ལ་ལོ་རྒྱུས་ཀྱི་རིན་ཐང་དང༌།  གནའ་རྫས་ཀྱི་རིན་ཐང༌།  དཔྱད་སྒོའི་རིན་ཐང༌།  ཤེས་རིག་ལག་རྩལ་གྱི་རིན་ཐང་ཡོད་པ་འདིའི་ཤུགས་ནས་གཞལ་ན།  བོད་ཀྱི་གདོད་མའི་མི་རིགས་དང་མེས་པོ་གོང་མ་ཚོས་ཤེས་རིག་དང༌།  སྒྱུ་རྩལ་ལྟ་ཚུལ།  ལག་རྩལ་འགྲན་བསྡུར་གྱིས་དངོས་ཆས་གསར་གཏོད་སོགས་དུས་སྐབས་རེ་རེའི་ཐད་ཀ་ནས་འཛམ་གླིང་མི་རིགས་སོ་སོའི་མིག་ལྟོས་བྱེད་ཡུལ་དང༌།   མིའི་འཚོ་སྡོད་ཐད་ཀྱི་སྲོལ་དང་གོམས་གཤིས་ཆེས་མང་པོ་ཞིག་གི་འབྱུང་ཁུངས་ཀྱང་ཡིན་པར་གདོད་མི་ཟ་མོད།   དུས་རབས་ཉི་ཤུ་བའི་ནང་ཚུན་གྱི་བོད་མི་ཚོ་ནི་འཛམ་གླིང་འདིར་འཚོ་སྡོད་པ་ཡོད་དོ་ཅོག་གི་རྗེས་ལུས་པར་གྱུར་ཡོད་པའི་དོན་ནི།   འུ་ཚོས་མེས་པོ་གོང་མ་ཚོས་ཇི་ལྟར་དུས་རབས་ནས་དུས་རབས་བརྒལ་ཚུལ་ལ་ཕྱི་མིག་མ་འཕངས་པ་དང༌།  ཁོ་ཚོས་ཤུལ་བཞག་རིག་དངོས་ལ་སྲུང་སྐྱོང་དང་གསར་སྣོན་གྱི་ལག་མགོ་འགུལ་དགོས་པའི་འདུ་ཤེས་རྩ་བ་ནས་བོར་ཏེ།  རྟག་ཏུ་གཞན་ལ་རེ་བའི་བག་ཁུམ་རང་ལུགས་པའི་སེམས་གཤིས་ཆགས་པའི་མི་རབས་ཤིག་ཏུ་ཁེལ་སོང་བས་རེད་དོ། ། དེས་ན་ད་ནས་བཟུང་འུ་ཚོས་བོད་གདོད་མིའི་ལག་ཆ་འུར་རྡོ་ལྟ་བུ་ལ་ཆ་བཞག་ནས་རང་གི་མེས་པོ་གོང་མ་ཚོའི་མཛད་རྗེས་ཕྲན་ཙམ་ལ་ཡང་མི་རིགས་རང་གི་ཁྱད་ཆོས་འབུར་ཐོན་རེ་མངོན་རྒྱུ་ཡོད་པའི་རྒྱུ་མཚན་སེམས་ལ་ངེས་པར་བྱས་ཏེ།   མི་རབས་རང་རང་གི་ཐད་ནས་ཀྱང་ནུས་ཤུགས་རྩལ་སྤྲུགས་ཀྱིས་འཛམ་གླིང་འཚོ་སྡོད་པའི་རྗེས་ཆོད་ཐབས་ལ་བསམ་བློ་གཏོང་དགོས་པར་སེམས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1