༄༅།། གསའ།

རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-25


        སྲོག་ཆགས་རིག་པ་རུ་གངས་གཟིག་གམ་བོད་ཀྱི་དམངས་ཁྲོད་དུ་གསའ་བན་ཏེར་འབོད་པའི་གསའ་ནི་འཛམ་གླིང་གི་རིགས་རྒྱུད་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་ཡིན་པ་དང་། ས་མཐོའི་སྲོག་ཆགས་རྩ་ཆེན་ཞིག་ཡིན། དེའི་འགུལ་སྐྱོད་གནས་ཡུལ་ནི་ས་བབ་ཆེས་མཐོ་ས་དང་ངེས་གཏན་གྱི་རང་བཞིན་ལྡན་པས་མིས་འཛིན་བཟུང་བྱེད་སླ་བ་དང་། གསའ་ཡི་རུས་པ་དང་པགས་པའི་རིན་ཐང་ཆེ་བས་མིའི་རིགས་ཀྱིས་སྨྱོ་ཧམ་ཆེན་པོས་རྔོན་གསོད་བྱས་པས་གསའ་ཡི་ཁ་གྲངས་དེ་མུར་མར་ལྷུང་དུ་བཅུག་ལ། འགྲོ་བ་མིའི་འཚོ་སྡོད་ཀྱིས་གསའ་ཡི་འཚོ་གནས་ལ་འཇིགས་ཉེན་ཆེན་པོ་བསྐྱལ་འོངས་ཤིང་ད་སྔ་ངེས་དོན་གྱིས་ཁ་གྲངས་ཅི་ཙམ་ཡོད་པའི་གསལ་ཁ་ཞིག་སུས་ཀྱང་མི་ཤེས་མོད། ཚོད་དཔག་བྱས་པ་ལྟར་ན་ད་ལྟ་སྟོང་ཕྲག་འགའ་ལས་མི་འདུག

        གསའ་ནི་ལོ་ཡི་ཁོར་མོ་ཡུག་ཏུ་གངས་ཁྲོད་དུ་སྡོད་ཅིང་དེའི་མགོ་ཆུང་ཞིང་སྒོར། རྔ་མའི་རིང་ཐུང་ཕལ་ཆེར་གཟུགས་པོའི་རིང་ཐུང་དང་མཉམ། རྔ་མའི་སྤུ་ནི་རིང་ཞིང་འཇམ་པ་དང་གཟུགས་པོའི་རིང་ཚད་ལ་ལི་སྨི་110ནས་ལི་སྨི་130དང་རྔ་མའི་རིང་ཐུང་ལ་ལི་སྨི་80ནས་ལི་སྨི་90ཡོད། གསའ་དར་མ་ཞིག་གི་ལྗིད་ཚད་ལ་སྤྱི་རྒྱ་80ཡས་མས་ཡོད་ཅིང་། གཟུགས་པོའི་རིང་ཚད་ལ་སྨི་1.3དང་རྔ་མའི་རིང་ཐུང་ལ་སྨི་1ཙམ་ཡོད། ཕོ་ནི་མོ་ལས་ཅུང་ཆེ་བ་དང་གསའ་ཕྲུག་གི་སྤུ་ནི་ཉོག་བསྲེས་སུ་ཡོད་ཅིང་ཁྲ་ཐིག་དེ་འདྲའི་མངོན་གསལ་མིན། གཟིག་དང་མི་འདྲ་ས་ནི་ལག་པ་ཅུང་རིང་ཞིང་དེ་ནི་བྲག་ལ་བརྟེན་པའི་སྲོག་ཆགས་འདི་རི་འགོ་བར་གནམ་རྒན་མས་ཆེད་དུ་སྤྲད་པ་དང་འདྲ། དབྱར་དགུན་གཉིས་ཀྱི་སྤུ་མདོག་དང་མཐུག་ཚད་ལ་ཁྱད་པར་ཆེན་པོ་མེད། གཟིག་ལས་ཅུང་ཆུང་བ་དང་རྔ་མ་རིང་། ལུས་ཧྲིལ་པོའི་མདོག་ནི་དཀར་སྐྱ་ཡིན་པ་དང་དེའི་ནང་དུ་ནག་ཐིག་དང་གོར་ཐིག་གིས་ཁྱབ་ཡོད། མིག་གི་རྒྱལ་མོའི་འཇའ་སྐྱིའི་མདོག་ལྗང་སེར་ཡིན་ཞིང་འོད་ཆེན་པོའི་འོག་ཏུ་མིག་གི་རྣོ་སྒོར་དབྱིབས་སུ་གྲུབ། ལག་པར་སྡེར་མོ་ལྔ་དང་རྐང་པར་སྡེར་མོ་བཞི་ཡོད།


        དུས་རྒྱུན་དུ་མཚོ་ངོས་ལས་སྨི་2500ནས་སྨི་5000གིས་མཐོ་བའི་སར་འཚོ་སྡོད་བྱེད་ཅིང་དབྱར་ཁར་སྨི་3000ནས་སྨི་6000གིས་མཐོ་བའི་རི་མགོ་ནས་མཐོང་ཐུབ་ཅིང་དགུན་དུས་སུ་ཁ་ཟས་འཚོལ་ཕྱིར་སྨི་2000ནས་སྨི་3500ལྷག་གི་ས་རུ་བབས་ཡོད། ཡིན་ནའང་གསའ་འགའ་ཤས་དགུན་གྱི་དུས་སུའང་སྨི་གིས་མཐོ་བའི་རི་མཐོ་སར་འཚོ་སྡོད་བྱས་ཡོད། ཁ་ཟས་གཙོ་བོར་གནའ་དང་ར་མ་སོགས་ཀྱི་ཤ་ཟ་བ་དང་སྦྱོར་སྤྲོད་བྱེད་པའི་དུས་སྐབས་སུ་མ་གཏོགས་ཕོ་མོ་མཉམ་དུ་མི་སྡོད། སྦྱོར་སྤྲོད་དུས་ཚོད་ནི་སྤྱིར་བཏང་དུ་དགུན་མཇུག་གི་ཟླ་བ་དང་པོ་ནས་ཟླ་བ་གསུམ་པའི་ནང་ཡིན་ལ་འཁྲིག་སྦྱོར་གྱི་དུས་ཡུན་ཐུང་ཞིང་མངལ་སྦྲུམ་པའི་དུས་ཡུན་ཉིན་98ནས་103ཡིན་པས་སྤྱིར་བཏང་དུ་ཟླ་བ་བཞི་པའི་ཟླ་དཀྱིལ་ནས་ཟླ་བ་དྲུག་པར་ཕྲུ་གུ་བཙའ་བ་ཡིན། ཨ་མ་གཅིག་གིས་གསའ་ཕྲུག་གསུམ་ནས་ལྔ་བཙའ་ཞིང་གཅིག་གི་ལྗིད་ཚད་ལ་ཁེ་300ནས་ཁེ་700ཡོད། 


        གསའ་ནི་ད་ལྟ་མཐོང་དཀོན་པའི་རི་དྭགས་རྩ་ཆེན་གྱི་རིགས་ཤིག་ཡིན་པ་དང་གྲངས་ཀ་ཤིན་ཏུ་ཉུང་། དེའང་རྒྱུ་མཚན་གཙོ་བོ་ནི་དེའི་པགས་པ་རྩ་ཆེན་ཡིན་ལ་གསའ་ཤ་དང་རུས་པ། གསའ་སྤུ་སོགས་སྨན་དུ་འགྲོ་བས་མི་རྣམས་ཀྱིས་བསད་པ་དང་འཚོ་གནས་ཁོར་ཡུག་ཇེ་སྡུག་ཏུ་ཕྱིན་པས་ཡིན་ཞིང་། ང་ཚོས་རང་ནུས་རྩལ་དུ་སྤྲུགས་ནས་རྩ་ཆེའི་རི་སྐྱེས་སྲོག་ཆགས་འདི་ལ་སྲུང་སྐྱོབ་བྱ་དགོས།།
      སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1