ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«འཕྲིན་བཅར་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་ཐབས»དཔར་ནས་བཀྲམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«འཕྲིན་བཅར་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་ཐབས»དཔར་ནས་བཀྲམ་པར་མ་ཟད། བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དེ་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། འཕྲིན་བཅར་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་ཐབས་ལ་བསྡོམས་པའི་ལེའུ་ལྔ་དང་དོན་ཚན་བཅུ་དགུ་ཡོད།
        «བྱེད་ཐབས»ལས་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱིས་འཕྲིན་བཅར་བྱ་བ་དེ་ཉིན་ཐོའི་གྲོས་རིམ་བྱ་བའི་ནང་དུ་བཞག་སྟེ། དུས་ལྟར་བྱ་བའི་ཡར་ཞུ་ལ་ཉན་པ་དང་། འཕྲིན་བཅར་བྱ་བའི་གནས་བབ་ལ་དབྱེ་ཞིབ་བྱེད་པ། བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། མི་ཤུགས་དང་དངོས་ཤུགས། ནོར་ཤུགས་བཅས་ཀྱི་ཕྱོགས་ནས་འཕྲིན་བཅར་བྱ་བ་བཟང་བོར་སྒྲུབ་པར་ཁག་ཐག་བྱེད་དགོས་པར་མ་ཟད། ཚན་རིག་དང་དམངས་གཙོ་འཐབ་ཇུས་དང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་ཏེ། མགོ་ཁུངས་ནས་འཕྲིན་བཅར་བྱ་བའི་གནད་དོན་གྱི་འགལ་བ་དང་རྩོད་གླེང་སྔོན་འགོག་དང་མེད་པར་གཏོང་དགོས།
        ཏང་སྲིད་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་གི་འགན་ཁུར་གཙོ་བོས་ས་གནས་རང་དང་ལས་ཁུངས་རང་། ཁོངས་གཏོགས་རང་བཅས་ཀྱི་འཕྲིན་བཅར་བྱ་བའི་སྤྱིའི་འགན་འཁུར་དགོས་ལ། མི་སྣ་གཞན་པས་བྱ་བའི་ལས་བགོས་ལྟར་རང་གི་འགན་འཁུར་བའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་བྱ་བའི་འགན་གཙོ་བོ་འཁུར་དགོས།
        རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མང་ཚོགས་དང་དྲ་ཐོག་གི་འཕྲིན་བཅར་ལ་ལྟ་ཀློག་དང་ཆོག་མཆན་འགོད་པ་དང་། དུས་བཅད་ལྟར་མང་ཚོགས་དངོས་བཅར་ཡོང་བར་སྣེ་ལེན་བྱེད་པ། དོགས་གཞི་མང་པོའི་འཕྲིན་བཅར་གནད་དོན་ཐག་གཅོད་བྱེད་དགོས།
        རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱི་བྱ་བའི་སྡེ་ཁག་གིས་ལས་ཁུངས་རང་གི་དབང་ཆའི་ཁྱབ་ཁོངས་ནང་གི་འཕྲིན་བཅར་བྱ་བ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་གོ་རིམ་ལྟར་དུས་ཐོག་ཏུ་ཐག་གཅོད་བཟང་བོ་བྱེད་དགོས།
རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འཕྲིན་བཅར་དོན་དག་ཐག་གཅོད་བྱེད་སྐབས་མང་ཚོགས་ཀྱི་སྒྲིག་ལམ་བརྩི་སྲུང་བྱེད་པ་དང་། དྲང་བདེན་ལྟར་བྱ་བ་སྒྲུབ་པ། སྲིད་གཙང་སྤྱོད་གཙང་བྱེད་པ། གསང་བ་སྲུང་བ་བཅས་ཀྱི་སྒོ་ནས་འཕྲིན་བཅར་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།
        «འཕྲིན་བཅར་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་ཐབས»ལས་ད་རུང་འཕྲིན་བཅར་བྱ་བའི་ལྟ་སྐུལ་དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་པ་སོགས་ཐད་ལ་གཏན་འཁེལ་གསལ་བོ་བྱས་ཡོད།
        «འཕྲིན་བཅར་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་ཐབས»དེ་2016ལོའི་ཟླ་བཅུ་བའི་ཚེས་བརྒྱད་ཉིན་ལག་བསྟར་བྱེད་མགོ་བརྩམས།   །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1