༄༅།། གོང་མོ།

རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-08


        གོང་མོ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མདོ་དབུས་མཐོ་སྒང་གི་སར་འཚོ་སྡོད་བྱས་ཡོད་པའི་བྱའི་རིགས་ཤིག་ཡིན། གོང་མོའི་གཟུགས་པོའི་ཁྱད་ཆོས་ཁྱིམ་བྱ་དང་འདྲ་ལ། མགོ་དང་སྐེའི་ཁ་དོག་ཁམ་སྐྱ་དང་སྒྲོ་སྤུར་དཀར་ཤས་ཆེ་ལ་ཁོག་སྨད་དཀར་པོ་ཡིན། ཁོག་སྟོད་ཀྱི་མདོག་ནི་ཁམ་མདོག་ཡིན་པ་དང་བྲང་སྨད་དང་ལྟོ་བའི་མཚམས་ན་ནག་ཐིག་ཡོད།

        གོང་མོ་ནི་བོད་ཀྱི་ལྷ་བྱར་བགྲང་བ་དང་ཕོ་མོ་གཉིས་ཕལ་ཆེར་རིགས་འདྲ་ཡིན། འཚོ་གནས་ཀྱི་ས་རྒྱ་ཆེ་ནའང་གྲངས་འབོར་གྱི་ཆ་ནས་ཤིན་ཏུ་ཉུང་བའི་རིགས་ཡིན་ལ་ཕལ་ཆེར་སྨི་4000ནས་6000གིས་མཐོ་བའི་ས་རུ་འཚོ་སྡོད་བྱས་ཡོད། དུས་རྒྱུན་དུ་ལྔ་ནས་བདུན་རེའམ་ཡང་ན་བཅུ་གྲངས་ཙམ་རེ་ཁྱུ་བསྒྲིགས་ནས་འཚོ་ཞིང་། དགུན་གྱི་དུས་སུ་བཅུ་ཕྲག་འགའ་ནས་བརྒྱ་ཕྲག་འགའ་རེ་ཁྱུ་བསྒྲིགས་ཏེ་འཚོ་བ་རོལ་བ་དང་མཚན་མོར་བྲག་རྡོའི་འོག་ཏུ་སྡོད་ཅིང་གལ་ཏེ་ཉེན་ཁར་ཐུག་རུང་གནས་གཅིག་ནས་མ་འགུལ་བར་བསྡད་ན་དེའི་སྤུ་མདོག་གི་དབང་གིས་གཞན་གྱིས་རྙེད་པར་དཀའ། ཉིན་དཀར་གོང་མོའི་ཁྱུ་ཚོགས་ཀྱིས་ངལ་གསོ་བའི་སྐབས་སུ་གོང་མོ་རྒན་པ་མཐོ་སར་བུད་ནས་སོ་བ་བྱེད་ཅིང་ཉེན་ཁའི་གནས་ཚུལ་བྱུང་ན་ཤེད་ཀྱིས་གྲགས་ནས་ཉེན་བརྡ་གཏོང་ལ་གོང་མོའི་ཁ་ཟས་སུ་སྣ་ཚོགས་ཟ་བ་དང་གཙོ་བོར་རི་མཐོ་སའི་རྩི་ཤིང་གི་རྩ་བ་དང་ལོ་མ། འབྲས་བུ། རྩ་ལྡུམ་སྣ་ཚོགས་སྤྱོད་པ་དང་མཚམས་ལན་རེར་འབུ་སྲིན་དང་སྒལ་ཚིགས་མེད་པའི་སྲོག་ཆགས་ཆུང་གྲས་ཀྱི་རིགས་ཀྱང་ཟ་བ་ཡིན། གོང་མོ་ནི་རྣམ་རིག་མྱུར་ཞིང་གཤོག་པ་སྲ་བ་དང་འཕུར་རྩལ་སྐྱེན་པོའི་འདབ་ཆགས་ཀྱི་རིགས་སུ་གྱུར་པ་ཞིག་ཡིན་ལ། རི་མཐོ་སར་འཚོ་བའི་སྲོག་ཆགས་ཀྱི་ཚབ་མཚོན་ལྟ་བུ་ཡིན།

        ལོ་རེའི་ཟླ་བཞི་བ་ནས་ལྔ་བར་སྐྱེ་འཕེལ་བྱེད་པ་དང་དུས་འདིར་ཕོའི་རིགས་སུ་གྱུར་པའི་གཤོག་རྩལ་ཇེ་མྱུར་ལ་འགྲོ་ཞིང་ཤེད་ཀྱིས་གྲགས་ནས་རོགས་ཟླ་འཚོལ། འཁྲིག་སྦྱོར་གྱི་སྐབས་སུ་ཕོ་དག་རང་གི་མངའ་ཁོངས་དང་རོགས་ཟླ་འཕྲོག་རྩོད་ཀྱིས་འཛིང་རེས་བྱེད་ཅིང་བྲག་རྡོའི་སྟེང་ནས་ཅིག་ཤོས་ཕམ་རག་བར་འཛིང་ངེས། འཁྲིག་སྦྱོར་བྱས་ཚར་རྗེས་ཚང་མལ་བཅའ་བ་དང་སྤྱིར་བཏང་དུ་བྲག་རྡོའི་སྲུབས་དང་ཁུང་བུ་ལ་བཅའ་ལ། ཚང་འགྲམ་དུ་རྩི་ཤིང་དང་རྩྭ་ལྡུམ་ཡོད་སའི་མི་མངོན་ས་རུ་གནས་འཆའ། ཚང་མལ་ཧ་ཅང་སྟབས་བདེ་ཡིན་ཏེ་ནང་དུ་རྩྭ་སྐམ་པོ་དང་ལུག་བལ། སྒྲོ་སྤུ་ཙམ་མ་གཏོགས་མེད། ཚང་རེ་ནས་སྒོ་ང་བཞི་ནས་བདུན་རེ་གཏོང་ལ་ཆེས་མང་བར་སྒོ་ང་བཅུ་གསུམ་གཏོང་བ་ཡིན། ཉིན་གཅིག་གཉིས་རེར་སྒོ་ང་གཅིག་རེ་བཞིན་བཏང་ནས་ཉིན་བཅུ་ནས་བཅོ་ལྔའི་ནང་ཚུན་དུ་སྒོ་ང་བཏང་ཚར་བ་ཡིན། སྒོ་ང་བཏང་ཚར་རྗེས་གོང་མོ་ཨ་མས་ཉིན་ཉེར་དྲུག་ཡས་མས་སུ་སྒོ་ང་རུམ་རྗེས་སྒོ་ང་གས་པ་ཡིན། གོང་མོའི་ཤ་ནི་སྨན་རྫས་རྩ་ཆེན་ཡིན་པས་འཛིན་བཟུང་དང་བདའ་འདེད་བྱས་ཏེ་ཉེན་ཁར་བསྐྱལ་ལ་མ་གཞི་ནས་རང་བྱུང་གི་གཉན་པོ་གཡི་དང་ཝ། གླག་དང་བྱ་རྒོད་སོགས་ཀྱིས་བཟས་ནས་ད་ལྟ་ཚར་ཉེན་ཡོད་པའི་འདབ་ཆགས་ཀྱི་རིགས་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་གཏོགས།

        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1