༄༅།། པདྨ་ཡེ་ཤེས།

འཇམ་དབྱངས་ཆོས་སྒྲོན་ནས་བསྡུས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། ཁམས་པའི་འཛུམ་རིས། སྤེལ་དུས། 06-29


དང་པོ། སྒྲུང་མཁན་གྱི་ལམ་དུ་ཞུགས་པའི་བརྒྱུད་རིམ།

        པདྨ་ཡེ་ཤེས་ནི་སྤྱི་ལོ1947མེ་ཕག་ལོར་རྫོགས་ཆེན་དུ་ཡབ་རིག་འཛིན་པདྨ་འཕྲིན་ལས་དང་ཡུན་ཁྲ་ལོ་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།     ཁོང་གིས་དགུང་ལོ་བདུན་གྱི་ཐོག་ནས་མཁན་པོ་ཐུབ་བསྟན་སྙན་གྲགས་ཀྱི་སྐུ་མདུན་དུ་བོད་ཡིག་སྦྱོང་འགོ་བརྩམས་པ་དང་།དགུང་ལོ་ཉི་ཤུ་རྩ་གཉིས་ནས་བཟུང་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་འདོན་འགོ་ཚུགས།ཁོང་ནི་ཆུང་དུས་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་དགའ་ཞེན་ཆེ་ཞིང་། གླིང་སྒྲུང་ཉན་རྒྱུར་ཡང་ཧ་ཅང་དགའ་པོ་ཡོད་པ་རེད། ཁོང་གིས་ཐོག་མར་བཀླགས་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་ནི་འཁྲུངས་གླིང་མེ་ཏོག་ར་བ་ཡིན་པ་དང་།དེ་རྗེས་རིན་བཞིན་རྟ་རྒྱུག་ནོར་བུ་ཆ་བདུན་དང་། མི་ནུབ་དར་རྫོང་།   མོན་གླིང་གཡུལ་འགྱེད། ལྷ་གླིང་གབ་རྩེ་དགུ་སྐོར།ཤན་འདན་ནང་འཁྲུག རྒྱ་གར་གསེར་རྫོང་།   རྒྱ་ནག་ཇ་རྫོང་།མོན་གླིང་གཡུལ་འགྱེད།བེ་ར་ལུག་རྫོང་།སྟག་གཟིག་ནོར་འགྱེད།  སྟག་གཟིག་ནོར་རྫོང་།གྲུ་གུ་གོ་རྫོང་སོགས་སྒྲུང་ཡིག་མང་པོ་གྱེར་འདོན་གནང་མྱོང་ཡོད་པ་རེད།   ཁོང་གིས་སྒྲུང་ཡིག་ཀློག་འདོན་བྱེད་དགའ་ཤོས་དེ་གླིང་སྒྲུང་མི་ནུབ་དར་རྫོང་ཡིན་པས།སྒྲུང་ཡིག་དེ་ཐེངས་མང་པོ་ཀློག་མྱོང་ཡོད་ཅེས་གསུངས།ཁོང་གིས་དགུང་ལོ་ཆུང་དུས་སྐབས་ནས་སྒྲུང་ངག་སྣེ་རིགས་མང་པོ་ཤེས་ཀྱི་ཡོད་ཅིང་།གླིང་གི་དཔའ་རྟུལ་སུམ་ཅུའི་སྒྲུང་ངག་བཀུག་ནས་སྒྲུང་གླུ་ལེན་མྱོང་ཡོད་པ་རེད།ཁོང་གིས་དམིགས་བསལ་གྱི་དགེ་རྒན་བརྟེན་ནས་སྒྲུང་ཡིག་སྦྱངས་མྱོང་མེད་རུང་།དགུང་ལོ་ཆུང་ངུའི་དུས་ནས་གླིང་སྒྲུང་རིག་གནས་ཀྱི་ཁོར་ཡུག་གི་བག་ཆགས་ཟབ་མོ་ཡོད་པ་དང་།ཡུལ་ལུང་གང་སར་གླིང་གེ་སར་རྒྱལ་པོའི་སྒྲུང་ཉན་པའི་སྐལ་བ་བཟང་པོ་ཐོབ་ཡོད་པས།ཁོང་གིས་རང་ཤུགས་ས་སྒྲུང་ངག་བཀུག་ཤེས་པ་གྱུར་ཡོད།ཁོང་གིས་གསུངས་པར།སྐབས་རེ་སྒྲུང་ངག་སྣ་ཚོགས་ཐོགས་པ་མེད་པར་ཉན་པ་ཙམ་གྱིས་རང་ཤུགས་སུ་ཤེས་ཀྱི་ཡོད།དེ་ནི་གླིང་གེ་སར་རྒྱལ་པོའི་ཐུགས་རྗེའི་བྱིན་རླབས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཡང་སྐབས་རེ་སྒྲུང་ངག་ཅི་ཞིག་བཀུག་ནའང་བཀུག་མི་ཤེས་པའི་གནས་ཚུལ་ཡང་འཕྲད་མྱོང་ཡོད་ཅེས་གསུངས། 
གཉིས་པ། གླིང་སྒྲུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་སྐོར།
        སྒྲུང་པ་པདྨ་ཡེ་ཤེས་ནི་སྡེ་དགེའི་ཁུལ་ཙམ་མ་ཟད་ཁམས་ཕྱོགས་ཡོངས་སུ་སྐད་གྲགས་ཆེན་པོ་ཡོད་པའི་སྒྲུང་པ་ཞིག་ཡིན་ཞིང་།ཁོང་གིས་སྔ་རྗེས་སུ་སྒྲ་ཕབ་བྱས་པའི་གླིང་སྒྲུང་ཁ་ཆེ་གཡུ་རྫོང་ཁོ་ནར་སྤྱིན་ཤོག་བཅུ་གསུམ་ཡོད་པ་དང་།མི་ནུབ་དར་རྫོང་ལ་སྒྲ་ཕབ་སྤྱིན་ཤོག་དགུ་ཡོད།
ད་དུང་གྲུ་གུ་གོ་རྫོང་དང་།སྟག་གཟིགས་ནོར་འགྱེད།གངས་རི་ཤེལ་རྫོང་།ཁ་ཆེ་གཡུ་རྫོང་།མི་ནུབ་དར་རྫོང་སོགས་སྒྲ་ཕབ་གནང་མྱོང་ཡོད་པ་རེད།ཁོང་གིས་གསུང་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་དེ་དག་ཁམས་ཁུལ་གྱི་ཡུལ་ཕྱོགས་གང་སར་གཏོང་གི་ཡོད་པ་དང་།ལྷག་པར་དུ་ལོ་གསར་དང་དུས་ཆེན་སྐབས་སྒྲ་སྡུད་འཕྲུལ་འཁོར་ནང་མངགས་གཏོང་བྱེད་ཅིང་།ཕོ་མོ་རྒན་གཞོན་ཚང་མས་དགའ་པོ་བྱེད་བཞིན་ཡོད།  དེར་མ་ཟད་ཁོང་གིས་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་བདུད་གླིང་གཡུལ་འགྱེད་དང་ཧོར་གླིང་གཡུལ་འགྱེད་ཀྱི་ཟློས་གར་འཁྲབ་གཞུང་བརྩམས་ཡོད་ཅིང་།ཁོང་བཞུགས་སའི་རྫོགས་ཆེན་ཤང་རུ་ཁག་གཉིས་པའི་གྲོང་མི་ཕོ་གཞོན་རྣམས་སྒྲིག་འཛུགས་བྱས་ནས།ཁོང་རང་ཉིད་ཀྱིས་གླིང་གེ་སར་རྒྱལ་པོའི་སྒྲུང་བཤད་ཞོར་དུ་ལོ་རབས་བརྒྱད་བཅུ་པའི་སྐབས་སུ་གྲོང་ཚོའི་ནང་ནས་གཞོན་ནུ་འདེམས་ནས་འགའ་རེར་འདན་མ་དང་། འགའ་རེར་རྒྱ་ཚ།  འགའ་རེར་ཧོར་གུར་དཀར།འགའ་རེར་བདུད་ཀླུ་བཙན་སོགས་གླིང་སྒྲུང་གི་མི་སྣ་འཁྲབ་ཏུ་བཅུག་པས།  སྡེ་མི་སེར་རྣམས་ཀྱིས་ཧ་ཅང་དགའ་པོ་བྱས་ཡོད། སྐབས་དེར་གླིང་རྗེའི་རྣམ་ཐར་འཆམ་མཁན་མི་ཉི་ཤུ་ནས་སུམ་ཅུ་ཙམ་འཛོམས་ཀྱི་ཡོད། སྐབས་དེར་རྫོགས་ཆེན་དགོན་གྱི་སྒྲིག་འཛུགས་འོག་ལོ་རེའི་དབྱར་དུས་སུ་རྟ་རྒྱུག་དུས་ཆེན་ཞིག་གཏོང་གི་ཡོད་ཅིང་།ཁྲོམ་ཚོགས་མང་པོ་འདུས་ཡོད་པ་དང་།གླིང་སྒྲུང་ཟློས་གར་འཁྲབ་རྒྱུ་ཡང་རྟ་རྒྱུག་དུས་ཆེན་གྱི་ནང་དོན་ཆ་ཤས་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།གླིང་སྒྲུང་གི་ཟློས་གར་གཙོ་བོ་རྟ་རྒྱུག་ནོར་བུ་ཆ་བདུན་དང་།ཧོར་གླིང་གཡུལ་འགྱེད་གྱི་ཧོར་གུར་དཀར་ལ་གཉའ་སྒ་གཏོད་པ་དང་།བདུད་གླིང་གཡུལ་འགྱེད།འཁྲུངས་གླིང་སོགས་སྣ་རིགས་བཞི་ཙམ་འཁྲབ་ཀྱི་ཡོད་ཅིང་།དེའི་ནང་རྟ་རྒྱུག་ལ་མཚོན་ན་སྔོན་མར་ལོ་རེར་ཐེངས་མ་རེ་འཁྲབ་པའི་ལུགས་སྲོལ་ཆགས་ཡོད།དེར་གཙོ་བོར་རྫོགས་ཆེན་ཤྲཱི་སེང་བཤད་གྲྭས་གླིང་གེ་སར་རྒྱལ་པོའི་
སྒྲུང་ནང་གི་རྟ་རྒྱུག་གི་ཟློས་གར་འཁྲབ་པ་ནས་སྲོལ་ཆགས་པ་ཞིག་ཡིན།ཤྲཱི་སེང་བཤད་གྲྭའི་མཁན་པོ་མདོ་སྡེས་རྟ་རྒྱུག་འཆམ་ན་བརྟེན་འབྲེལ་བཟང་ཞེས་གསུངས་པས།ཁོང་གིས་ཐུགས་དགོངས་ལྟར་ཕོ་གཞོན་རྣམས་སྒྲིག་འཛུགས་བྱས་པ་དང་།མཁན་པོ་མདོ་སྡེས་དགེ་རྒན་མཛད་ནས་མི་རྣམས་ཁོང་གི་རྗེས་འཇུག་ཞུས་ནས་ལོ་མང་པོར་འཆམ་མྱོང་གསུངས།གླིང་སྒྲུང་འཆམ་མཁན་རྣམས་ནི་རང་མོས་སུ་སྒྲིག་འཛུགས་བྱས་པ་ཞིག་ཡིན་ཞིང་།གླ་རིན་སོགས་གང་ཡང་དགོས་ཀྱི་མེད་པ་རེད།གླིང་གེ་སར་རྒྱལ་པོའི་སྒྲུང་དེ་རྫོགས་ཆེན་དུ་འཁྲབ་སྟོན་བྱེད་པ་མ་ཟད་ད་དུང་སྡེ་དགེ་རྫོང་དང་།ཨ་ཕྱུག་ཚྭ་ཚྭ་སོགས་ས་གནས་སུ་བསྐྱོད་ནས་འཁྲབ་མྱོང་ཡོད་པས་མི་སེར་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
གསུམ་པ། སྒྲུང་པ་པདྨ་ཡེ་ཤེས་ཀྱི་བམས་མདུན།
        སྒྲུང་པ་པདྨ་ཡེ་ཤེས་ནི་མ་གཞི་དགུང་ལོ་ཆེན་པོ་ཡིན་པ་དང་།གཟུགས་པོ་ཡང་དེ་ཙམ་ཡག་པོ་མིན་རུང་།གླིང་སྒྲུང་ལ་དགའ་ཞེན་དང་དད་ཞེས་གྱི་བསམ་པ་སྔར་བཞིན་ཉམས་མེད་དུ་གནས་པ་དང་།དེང་དུས་ཀྱི་གློག་བརྙན་དང་བརྙན་འཕྲིན་སོགས་དེང་རབས་ཚན་རྩལ་གྱི་ཉམས་འགྱུར་མཐོང་སྐབས།སྒྲུང་པ་ཁོང་ལ་འཆར་སྣང་མང་པོ་འབྱུང་གི་ཡོད་པ་རེད།ཁོང་ལ་བཅར་འདྲི་ཞུ་སྐབས་གསུངས་དོན།སྐབས་རེར་རང་གློག་བརྙན་དང་བརྙན་འཕྲིན་ནང་ནས་ལྟད་མོ་ཅི་རིགས་མཐོང་སྐབས།ཆ་རྐྱེན་ཡོང་ན་ང་ཚོས་གླིང་གེ་སར་རྒྱལ་པོའི་རྣམ་ཐར་འདི་ལྟར་འཁྲབ་སྟོན་ཡག་པོ་ཞིག་བྱེད་ཐུབ་ན་ཅི་མ་རུང་།རང་ཉིད་ཀྱིས་སྔོན་མའི་ཉམས་མྱོང་རྣམས་ཕྱོགས་བསྡུས་བྱས་ནས་འདི་འདྲ་དང་དེ་འདྲ་བྱེད་ཆོག་པ་འདུག་བསམ་གྱི་ཡོད།ཡིན་ན་ཡང་ས་ཆ་འདི་ལུང་ཁུག་ཡིན་ལ་ཆ་རྐྱེན་ཞན་པའི་རྐྱེན་གྱིས་ཅི་བྱ་མི་འདུག་ཅེས་གསུངས་ཀྱི་འདུགདེ་ནི་སྒྲུང་མཁན་པདྨ་ཡེ་ཤེས་ཀྱིས་གཙོས་པའི་སྒྲུང་མཁན་རྣམས་ཀྱི་བབ་ཆགས་ཀྱི་རེ་འདུན་ཞིག་ཡིན།ཉེ་བའི་ལོ་ཤས་ནང་ཁོང་རང་ཉིད་ཀྱིས་གླིང་སྒྲུང་ཀློག་འདོན་གནང་བ་མ་ཟད་ད་དུང་སློབ་མ་མི་ཉུང་ཞིག་གསོ་སྐྱོང་གནང་ཡོད།ལྷག་པར་དུ་ཁོང་རང་ཉིད་ཀྱི་ཕྲུ་གུ་བསོད་ནམས་དོན་གྲུབ་དང་།བསོད་ནམས་རྒྱལ་མཚན།བཀྲ་ཤིས་ཆོས་མཚོ།པད་མ་བཀྲ་ཤིས་སོགས་ཀྱིས་གླིང་སྒྲུང་ཡག་པོ་ཀློག་འདོན་བྱེད་ཀྱི་ཡོད་པ་རེད།སྤྱི་ལོ2010ལོར་སྒྲུང་པ་པདྨ་ཡེ་ཤེས་དང་ཁོང་གི་བུ་མོ་བཀྲ་ཤིས་མཚོ་མོ་གཉིས་ཀྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་དུ་གེ་སར་སྒྲུང་བཤད་པར་དགའ་བསུ་ཆེན་པོ་ཐོབ་པ་དང་།སྤྱི་ལོ2010ལོར་ད་དུང་སི་ཁྲོན་ཁམས་སྐད་བརྙན་འཕྲིན་ལས་ཁུངས་ཀྱི་གདན་ཞུས་ལྟར་སི་ཁྲོན་ཁྲེང་ཏུའུ་གྲོང་དུ་ཕེབས་ནས་གླིང་སྒྲུང་མི་ནུབ་དར་རྫོང་སྒྲ་བཅུག་གནང་ནས།བརྙན་འཕྲིན་ཐོག་ནས་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་ཕུལ་བར་དེ་བས་ཀྱང་དགའ་བསུ་ཆེན་པོ་ཐོབ།2010ལོར་རྩྭ་ཤུལ་དགོན་གྱིས་གདན་ཞུས་ལྟར་གེ་སར་གྱི་འདན་སྲས་རྟོགས་བརྗོད་ཅེས་པའི་སྒྲུང་ཡིག་སྒྲ་ཕབ་གནང་ཞིང་།འདན་སྲས་ཀྱི་མཚན་ལ་ཡུ་འོད་འབུམ་མེ་ཟེར།དགོན་པའི་གྲྭ་པ་རྫོགས་ཆེན་དུ་ཕེབས་ནས་ཁོང་གིས་ཧ་ལམ་ཉི་མ་གསུམ་སྒྲ་ཕབ་བྱས་པ་དང་།སྒྲུང་ཡིག་དེའི་ནང་ཡོད་པའི་མོ་སྨན་རྣམས་ཀྱི་སྒྲུང་གླུ་ཁོང་གི་བུ་མོ་བཀྲ་ཤིས་ཆོས་མཚོས་སྒྲ་བཅུག་བྱས་པ་ཡིན་ཞེས་གསུངས།
        སྒྲུང་མཁན་པདྨ་ཡེ་ཤེས་ཀྱིས་གསུངས་པའི་གླིང་སྒྲུང་ལ་སྐད་གསེང་ཞིང་གོ་བདེ་བ་དང་། ཚིག་སྦྱོར་སྙན་ལ་འབྲེལ་ཆགས་པ།མི་སྣའི་གཟུགས་བརྙན་མངོན་སུམ་དུ་གསལ་བ་ལྟ་བུ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།ཁོང་གི་སྒྲུང་ངག་ཐོས་མ་ཐག་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་དབང་མེད་དུ་འབྱིན་གྱི་ཡོད།   


རྩོམ་ཡིག་རྗེས་མ།
༄༅།།ཨ་ཉིད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1