༄༅།། ཀག་དུས་ཀྱི་འཛེམ་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-21


        བོད་རིགས་ཚོས་རང་གི་ཀག་ལོ་ཟིན་སྐབས་བྱ་བ་མང་པོ་ཞིག་ལ་འཛེམ་བྱ་གནང་རྒྱུར་དོ་སྣང་གནང་གི་ཡོད། ཀག་ཅེས་པ་རྒྱ་ཡི་སྐད་ལས་བྱུང་བར་དཔྱད་ན། དེ་ཡང་ཐོག་མར་རྒྱ་ནག་ནས་བྱུང་བ་སྨོས་མེད་ཡིན། ཀག་གི་ལོར་ལས་བྱ་མང་པོར་འཛེམ་དགོས་དོན་ཞིབ་པ་རྩིས་གཞུང་ནང་གསལ་རུང་། ཀག་གི་དུས་སུ་བོད་པ་རྣམས་ཀྱིས་གཙོ་བོ་བྱ་བ་གང་དང་གང་ལ་འཛེམ་གྱི་ཡོད་པའི་སྐོར་མདོ་ཙམ་ཞུ་ན་འདི་ལྟ་སྟེ། རང་གི་ཀག་ལོར་ས་བསྐོ་རྡོ་སློག་གིས་ཁང་པ་གསར་བཞེངས་དང་ཁང་པ་ཉམས་བཟོ་བྱེད་པ་ལ་སོགས་ཨར་ལས་གྱི་རིགས་མི་བྱེད་པ་དང་། ནད་གཞི་ལྕི་བའི་ནད་པའི་སར་མི་འགྲོ་བ། ལོ་མཇུག་ཏུ་སེམས་ཅན་སྲོག་གཅོད་སྐབས་དེའི་ཁ་གྲངས་ཉུང་དུ་གཏོང་བ། དེ་ལོར་རང་གི་བུ་ཕྲུག་གཉེན་སྒྲིག་བྱེད་དུ་མི་འཇུག་པ་ལ་སོགས་ཡིན།
        སྐྱེས་པ་ཡིན་ན་སོ་བདུན་དང་། བུད་མེད་ཡིན་ན་ཞེ་དགུ། བྱིས་པ་ཡིན་ན་བཅུ་གསུམ་ལོའི་ཀག་བཙན་པས།  དེའི་རིང་གོང་གསལ་དག་ལ་དེ་བས་དོ་སྣང་དང་འཛེམ་བྱ་གནང་སྲོལ་ཡོད། གལ་ཏེ་བཅུ་གསུམ་ལོའི་ཀག་བཙན་པོ་མ་བྱུང་ན། དེ་བྱིངས་ཀྱི་ཀག་རྣམས་ཀྱང་རང་ཤུགས་སུ་ཡང་བ་ཡོང་གི་ཡོད་སྐད་འདུག   བཟློག་ཐབས་གཙོ་བོ་ནི་ལུས་བསྒྱུར་ཞེས་ན་བཟའ་སེར་པོ་གྱོན་པ་དང་། དེའི་ངོས་ལ་ཉི་ཟླ་གཡུང་དྲུང་ལ་སོགས་ཀྱི་རི་མོ་མང་པོ་རྒྱག་སྲོལ་ཡོད་པར་མ་ཟད། དེ་འབྲེལ་གྱི་ཞབས་བརྟན་ཡང་མང་པོ་གནང་སྲོལ་ཡོད།

        གཞན་ཡང་བཅུ་གསུམ་ལོའི་ཀག་ཐོག་ལ་ཁྱིས་མཆོངས་ན་དེ་བྱིངས་ཀྱི་ཀག་རྣམས་རང་ཤུགས་སུ་བཟློག་ཐུབ་པ་དང་། ཁྱིས་མ་མཆོངས་ན་དེ་ལོར་ཁྱི་རོ་ཞིག་གི་མཇུག་མ་ནས་འཇུས་ཏེ། གཡས་ལ་སྐོར་ར་གསུམ་དང་གཡོན་ལ་སྐོར་ར་གསུམ་བརྒྱབ་ན། ཀག་ཐམས་ཅད་བཟློག་ཐུབ་པའི་བཤད་་སྲོལ་ཡོད། ། 

(ཁམས་པའི་དྲ་བའི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1