༄༅།། ཆབ་མདོའི་ཁ་རབ་གནའ་ཤུལ།

ཅོ་བྱང་སྐར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-24


        

        ཆབ་མདོའི་ཁ་རབ་གནའ་ཤུལ་ནི་བོད་ལྗོངས་ཆབ་མདོ་རྫོང་གི་ཁ་རབ་གྲོང་ཚོར་ཡོད་ལ་བོད་སྐད་དུ་མཁར་རྫོང་ཞེས་སུ་འབོད།  ཁ་རབ་གནའ་ཤུལ་ནི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་འདུས་སྡོད་ཚོ་བའི་གནའ་ཤུལ་ཞིག་ཡིན་པ་དང་ད་བར་ལོ་ངོ་4000-5000 ལྷག་གི་ལོ་རྒྱུས་ལྡན།  ཁ་རབ་གནའ་ཤུལ་ནི་གནའ་རྫས་རྟོག་ཞིབ་ལས་རིགས་སུ་ཀུན་གྱིས་ཁས་ལེན་པའི་བོད་ཀྱི་གནའ་རབས་གདོད་མའི་རིག་གནས་ཀྱི་རྗེས་ཤུལ་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན་པར་ངོས་འཛིན་བྱེད། 

        དེ་ནི་1977ལོར་ཨར་འདམ་བཟོ་གྲྭའི་བཟོ་བས་ཨར་ལས་ཀྱི་གོ་རིམ་ཁྲོད་ནས་རྙེད་པ་ཞིག་ཡིན་ལ་དེའི་རྗེས་ཀྱི་1978ལོ་དང་1979ལོ།   2002ལོ་དང་2012ལོ་བཅས་ཐེངས་བཞི་ལ་གནའ་ཤུལ་སྔོག་འདོན་བྱས།  གནའ་ཤུལ་འདི་ནི་མིག་སྔའི་བར་ཏུ་ཀྲུང་གོ་ནས་རྙེད་པའི་མཚོ་འཕགས་ཆེས་མཐོ་ལ་གཞུང་ཐིག་གི་ཚད་ནུབ་ཕྱོགས་དང་བར་ཐག་ཆེས་ཉེ་བའི་རྡོ་ཆས་གསར་མའི་སྐབས་སུ་བྱུང་པའི་གནས་ཤུལ་ཞིག་ཡིན་པ་དང་གནའ་རྫས་རྟོག་ཞིབ་པས་ཁ་རབ་གནའ་ཤུལ་ཀྱི་ཚབ་བྱེད་པའི་གནའ་རྫས་རྟོག་ཞིབ་པར་ཁ་རབ་རིག་གནས་ཞེས་སུ་འབོད་པ་དང་།  ཁ་རབ་རིག་གནས་ནི་རྡོ་ཆས་གསར་པའི་དུས་སྐབས་སུ་བོད་ཀྱི་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དུ་མཚོན་བྱེད་རང་བཞིན་ལྡན་པའི་རིག་གནས་ཤིག་ཡིན།
        ཁ་རབ་གནའ་ཤུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་3.8ལྷག་ཡོད་པ་དང་གནའ་ཤུལ་ནས་སྔོན་འདོན་བྱེད་པའི་རིག་དངོས་ཁྲི་3ལྷག་ཡོད།  གནའ་ཤུལ་ནས་ཐོན་པའི་རིག་དངོས་དང་རྟོག་ཞིབ་ལས་བདེན་དཔང་བྱས་པ་ལྟར་ན། སྤྱི་ལོ་སྔོན་གྱི་ལོ་ངོ་བཞི་སྟོང་དང་ལྔ་སྟོང་ལྷག་གི་ཡར་སྔོན་དུ་ཁ་རབ་རིག་གནས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཀན་སུའུ་དང་མཚོ་སྔོན་ས་ཁུལ་གྱི་གནའ་རྫས་དང་རིག་དངོས། ཡུན་ནན་ཁུལ་གྱི་ཡོན་མའོ་རིག་དངོས་དང་འབྲེལ་བ་ཟབ་མོ་ལྡན་ཡོད་པ་ཤེས་ལ་ཀྲུང་ཧྭའི་གནའ་བོའི་ཤེས་རིག་ཞིབ་འཇུག་བྱེད་པར་རིན་ཐང་གི་ནུས་པ་གལ་ཆེན་ལྡན་ཡོད་པ་དང་ཐུན་མོང་མ་ཡིན་པའི་གོ་གནས་བཟུང་ཡོད། ཁ་རབ་གནའ་ཤུལ་ལས་ཐོན་པའི་ཟུང་གཟུགས་རྫ་བུམ་ནི་ད་ལྟ་བོད་ལྗོངས་ཤམས་སྟོན་ཁང་གི་ནོར་བུ་གཅིག་པུ་ཡིན་ལ་དུས་རབས་གསར་པའི་སྐབས་ཀྱི་རྡོ་ཏེབ་ཙག་ནི་གནའ་ཤུལ་ལས་ཐོན་པ་ཆེས་མང་པའི་གནའ་རྫས་ཤིག་ཡིན་པ་དང་དག་སྒྲིག་བྱས་པ་བརྒྱུད་སྤུས་ཚད་ལོན་པའི་རིག་དངོས་83465ལྷག་ཡོད་པ་དང་དེར་རྡོ་ཆས་དང་རུས་ཆས་སོགས་འདུས།  རྡོ་ཆས་མིན་པའི་རུས་པའི་རྭ་ཅོ་དང་རྒྱན་ཆ་སོགས་ཁྱོན་རིག་དངོས་366དང་།  དེར་རུས་པའི་འབུག་དང་། རུས་པའི་ཁབ། རུས་པའི་སྟ་རེ། རུས་པའི་སྐྲར་སྣུམ་བྱུགས་བྱེད་དང་རུས་པའི་གྲི་སོགས་ཀྱང་ཡོད། རྫ་དམར་ནི་མཐོ་ཚད་ལ་ལི་སྨི་25.5ཡོད་པ་དང་།  གནའ་ཤུལ་ལས་ཐོན་པའི་རྫ་ཆས་ལྷེབ་ལྷེབ་ཁྲི་2ལྷག་དང་བཀོལ་ཆོག་པ་1234ཡོད་པ་དང་རྫ་སྣོད་དང་ཀ་ཏོ་ར། ཕོར་པ་གསུམ་ཏུ་དབྱེ་ཡོད་ལ་དེའི་ནང་གསེས་སུ་རྫ་སྣོད་རིགས་892དང་ཀ་ཏོ་རའི་རིགས་224། ཕོར་བའི་རིགས་118ཡོད། རྡོ་དང་རུས་པ་ལས་གྲུབ་པའི་སྐེ་རྒྱན་ལྟ་བུའི་རྒྱན་ཆ་སོགས་གནའ་ཤུལ་ལས་ཁྱོན་50ཐོན་པ་དང་། དེའི་རྒྱུ་ཆ་ནི་རྡོ་དང་གཡུ། རུས་པ་དང་དུང་དཀར་སོགས་ཡིན།
        ཆབ་མདོའི་ཁ་རབ་གནའ་ཤུལ་གསར་རྙེད་བྱུང་པ་དེས་བོད་ཀྱི་གནའ་རྫས་རྟོག་ཞིབ་ལོ་རྒྱུས་ཐོག་ར་སྤྲོད་རང་བཞིན་གྱི་བདེན་དཔང་བཞག་པ་དང་དུས་རབས་ཤིག་གི་མིག་ཟུང་གསལ་བར་འབྱེད་པའི་དགེ་མཚན་བཞག  ཁ་རབ་གནའ་ཤུལ་གསར་རྙེད་བྱུང་པ་དེས་རང་རྒྱུད་གཞན་ལས་མཆེད་པའི་དུས་རབས་ཤིག་གི་ལྟ་ཚུལ་ལ་ཐ་ཚིག་བསྒྲགས་པ་དང་བོད་ཀྱི་ལོ་རྒྱུས་དེ་སྤྱི་ལོ་སྔོན་གྱི་ལོ་ངོ་4000-5000ལྷག་གི་ལོ་རྒྱུས་ལྡན་པ་མ་ཟད་རྨ་ཆུའི་འབབ་རྒྱུད་ཀྱི་རིག་དངོས་དང་འབྲེལ་བ་ཟབ་མོ་ལྡན་ཡོད་པ་ར་སྤྲོད་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1