༄༅།། སྤྱི་ཚོགས་འཕེལ་རིམ་ཁྲོད་བོད་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མའི་གནད་དོན་གླེང་བ།

པད་མ་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-25


དང་པོ། ངལ་རྩོལ་ནུས་ཤུགས་ལྷག་མའི་གནད་དོན།
        ངལ་རྩོལ་ནུས་ཤུགས་ལྷག་མ་ཞེས་པ་ནི་དཔལ་འབྱོར་རིག་པའི་ཐ་སྙད་ཅིག་དང་གོ་དོན་ཞིག་ཡིན་ལ། ང་ཚོའི་འཚོ་བའི་ནང་དུས་རྒྱུན་དུ་མི་ལྷག་ཅེས་འབོད་པ་དེ་ཡིན། གོ་དོན་དེ་ནི་ལོ་ཚོད་དང་། ཕོ་མོ། ཁྱིམ་ཚང་གི་གནས་ཚུལ་དང་གཞན་པའི་རྒྱུ་རྐྱེན་གང་མང་གིས་ངལ་རྩོལ་བྱེད་པར་ཚོད་བཟུང་བའི་ངལ་རྩོལ་མཁན་དེའི་རིགས་ལ་ཟེར་བ། ངལ་རྩོལ་མཁན་འདིའི་རིགས་ལ་མཚོན་ན་སྤྱི་ཚོགས་སུ་ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་ཚད་དེ་སྤྱི་ཚོགས་དེའི་ངལ་རྩོལ་ནུས་ཤུགས་ཀྱི་དགོས་མཁོའི་ཚད་ལས་མང་བ་དང་བརྒལ་སོང་བ་ལས་བྱུང་བ་ཡིན།
དང་པོ། འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མའི་རིགས་དབྱེ།
        1.དུས་ཚིགས་རང་བཞིན་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ། 2.ལོ་ཧྲིལ་པོའི་རང་བཞིན་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ། 3.ལྐོག་གྱུར་རང་བཞིན་ཅན་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ། 4.སྒྲིག་གཞིའི་རང་བཞིན་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སོགས་འདུས།
གཉིས་པ། ངལ་རྩོལ་ནུས་ཤུགས་ལྷག་མའི་གནད་དོན་གྱི་འབྱུང་ཁུངས།
        ངལ་རྩོལ་ནུས་ཤུགས་ལྷག་མའི་གནད་དོན་དེའི་འབྱུང་ཁུངས་གཙོ་བོ་གསུམ་སྟེ། སྤྱི་ཚོགས་དང་སློབ་གྲྭ དགོན་སྡེ་བཅས་གསུམ་འདུས།
གསུམ་པ། ངལ་རྩོལ་ནུས་ཤུགས་ལྷག་མའི་གནད་དོན་འབྱུང་བའི་རྒྱུ་རྐྱེན་བཤད་པ། གནད་དོན་འདི་འབྱུང་བའི་རྒྱུ་རྐྱེན་དེ་ཡང་ཕྱིའི་རྐྱེན་དང་ནང་གི་རྒྱུ་ཞེས་རིགས་གཉིས་སུ་ཕྱེས།
        1.ནང་གི་རྒྱུ་ལ་ཞིང་ཕྲན་དཔལ་འབྱོར་གྱི་གཞུང་ལུགས་ནི་དུས་རབས་20བའི་ལོ་རབས་20བའི་ནང་ཨུ་རི་སིའི་སྤྱི་ཚོགས་ཞིང་ལས་ཀྱི་ཆེད་མཁས་པ་ཆ་ཡ་ནོ་སྤོས་བཏོན་པའི་ཞིང་ལས་སྤྱི་ཚོགས་དང་ཞིང་བའི་སྤྱི་ཚོགས་ཐད་ཀྱི་གཞུང་ལུགས་ཤིག་ཡིན། ཞིང་ཕྲན་དཔལ་འབྱོར་གྱི་འདུ་ཤེས་ཞེས་པ་ནི། ས་ཁུལ་ཆུང་ངུ་ཞིག་གི་ཐོག་ཏུ་རང་མོས་ངང་ཞིང་འདེབས་ཕྱུགས་འཚོ་བྱེད་པར་ཚོད་འཛིན་མེད་པ། ཕན་ཚུན་ཐོན་སྐྱེད་ཚོང་ལས་ཐད་མཉམ་འབྲེལ་དང་ཚོང་ཟོག་བརྗེ་རེས་ཆེར་མེད་ཅིང་ཡུན་རིང་ངང་ཆགས་པའི་བསམ་བློའི་འདུ་ཤེས་ཤིག་དང་སྤྱོད་ཚུལ་ཞིག་ལ་གོ
གྲོང་ཁྱེར་དང་ཞིང་གྲོང་བར་དཔལ་འབྱོར་འཕེལ་རྒྱས་དང་འཚོ་བའི་ཆུ་ཚད་དོ་མི་མཉམ་པ་མ་ཟད་སློབ་གསོའི་འཕེལ་ཚད་དང་རིག་གནས་བརྒྱུད་སྤེལ་ཐད་དུ་ཡང་ཧེ་བག་ཆེན་པོ་ཞིག་ཐོན་འདུག གཞི་རིམ་སློབ་གསོའི་འཕེལ་ཚད་དལ་བ་ནི་ཞིང་གྲོང་དུ་ངལ་རྩོལ་ནུས་ཤུགས་ལྷག་མ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་ངེས་ལ། དཔེར་ན། ཚོང་ལས་དོ་དམ་དང་། ཚོང་ཟོག་ལས་སྣོན་དང་གསར་གཏོད་སོགས་ཐད་ཀྱི་རིག་གནས་ཤེས་བྱ་དང་ལག་རྩལ། ཉམས་མྱོང་དང་སྙིང་སྟོབས་དབེན།
        ང་ཚོའི་ན་གཞོན་ལས་ཞུགས་པ་མང་པོར་མཚོན་ན། ལས་རིགས་འདེམ་སྐབས་ཆ་ཚང་རང་བཞིན་དང་ཕྱོགས་ཡོངས་རང་བཞིན་གྱི་ལས་ཞུགས་བརྡ་འཕྲིན་བསྡུ་ལེན་དང་དེ་ཚོ་བཀོལ་སྤྱོད་ཀྱི་ཚད་དམའ་བ། སྤྱི་ཚོགས་སུ་ལས་རིགས་གང་དང་ལས་ཁུངས་གང་དག་གིས་ངལ་རྩོལ་བ་བསྡུ་ལེན་དང་དེར་དགོས་མཁོ་ཆེ་བ་སོགས་ཀྱི་གནས་ཚུལ་ཐད་རྒྱུས་ལོན་བྱས་པ་མི་འདང་བ། ལས་ཞུགས་བྱེད་པར་ལས་རིགས་སྣ་མང་དང་མི་སྣ་གང་མང་ལ་འབྲེལ་འདྲིས་བྱེད་པའི་ནུས་པ་ཞན་པ། ལས་ཞུགས་བྱེད་སྐབས་སྙིང་སྟོབས་ཞན་པ་དང་གོ་སྐབས་དམ་འཛིན་བྱེད་མི་ནུས་པ། དཔེར་ན་གྲོང་ཁྱེར་ནང་གི་ཁེ་ལས་དང་། ཚོང་ཁང་། བཟོ་གྲྭ་སོགས་ཀྱི་ནང་དུ་ལས་ཀ་འཚོལ་བའི་ནུས་པ་མེད་པ་དང་འཚོལ་མི་འདོད་པ། རང་གིས་ལས་རིགས་གསར་བསྐྲུན་སོགས་བྱེད་པར་དེ་བས་ཀྱང་བརྩོན་པ་མི་བྱེད།
        2.ཕྱིའི་རྐྱེན་ལ་འབྲོག་ལས་སུ་ངལ་རྩོལ་ནུས་ཤུགས་ཀྱི་དགོས་མཁོའི་ཚད་དེ་ཉིན་རེ་ནས་ཇེ་ཉུང་ཡིན་པ་དང་སྤྱི་ཚོགས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དཔལ་འབྱོར་གྱི་འཕེལ་ཚད་དང་ཐོན་སྐྱེད་ལག་རྩལ་གྱི་འཕེལ་ཚད་དེ་གོང་འཕེལ་ཕྱིན་པ་དང་བསྟུན། ཐོན་སྐྱེད་ལས་ཕྱོད་དང་ཐོན་སྐྱེད་རྒྱུ་ཆའི་ཐད་དུའང་འཕེལ་རྒྱས་ཆེས་ཆེར་ཕྱིན་ཡོད། དེ་བས་འབྲོག་ལས་སུའང་ངལ་རྩོལ་བྱེད་མཁན་གྱི་དགོས་མཁོའི་ཚད་དེ་མཁོ་སྤྲོད་ཚད་ལས་དམའ་བའི་གནས་ཚུལ་ཐོན་འདུག
        ཐོན་ལས་ཀྱི་སྒྲིག་གཞི་དེ་ཆ་ཚང་མིན་པ་དང་། དོ་མཉམ་མིན་པ། ཚད་ལྡན་མིན་པ་དེ་ཡང་ངལ་རྩོལ་ནུས་ཤུགས་ལྷག་མ་ཐོན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ་འབྲོག་ཁུལ་ལ་མཚོན་ན་ཐོན་ལས་དང་པོ་གཉེར་མཁན་དེ་ཐོན་ལས་གཉིས་པ་དང་གསུམ་པར་མཚོན་ན་ལྡབ་གྲངས་ལས་མང་ལ། དེ་ནི་ངལ་རྩོལ་ནུས་ཤུགས་ལྷག་མའི་རིགས་ཀྱི་སྒྲིག་གཞིའི་རང་བཞིན་ཅན་གྱི་ངལ་རྩོལ་ལྷག་མའི་གྲལ་དུ་ཚུད། རྒྱུ་མཚན་ནི་ཐོན་ལས་དང་པོར་གཏོགས་པའི་འབྲོག་ལས་སུ་ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་ཚད་དེ་དགོས་མཁོའི་ཚད་ལས་མང་བ་དང་། ཐོན་ལས་གཉིས་པར་གཏོགས་པའི་བཟོ་ཚོང་ལས་རིགས་དང་།
ཐོན་ལས་གསུམ་པར་གཏོགས་པའི་ཞབས་ཞུའི་ལས་རིགས་སུ་ངལ་རྩོལ་ནུས་ཤུགས་མཁོ་སྤྲོད་ཀྱིས་ཐོན་ལས་དེའི་རིགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནད་དོན་ལས་བྱུང་།
        སློབ་གསོའི་ལམ་ལུགས་དང་རྒྱུགས་འདེམས་ལམ་ལུགས་ཀྱང་ངལ་རྩོལ་ནུས་ཤུགས་ལྷག་མ་འབྱུང་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་འདུག ད་ལྟའི་སྤྱི་ཚོགས་སུ་སློབ་གྲྭར་འགྲོ་བའི་སློབ་མའི་ཁ་གྲངས་ཇེ་མང་ཡིན་ལ། སློབ་མས་སློབ་གྲྭ་འདེམས་པ་དང་དེར་རྒྱུགས་འཕྲོད་པར་དཀའ་ཁག་ཇེ་ཆེར་ཕྱིན། ལོ་རེའི་ལས་ཞུགས་སྲིད་ཕྱོད་ཀྱང་ཇེ་དམའ་ཡིན་པ་དང་སློབ་གྲྭར་སོང་ནས་ལག་ཏུ་བྱ་བ་མ་རྙེད་པའི་སློབ་མ་དག་ལས་ཁ་ཤས་ཡང་སྤྱི་ཚོགས་འཚོ་བའི་མི་ལྷག་ཏུ་གྱུར་འདུག མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་སྒྲིག་གཞི་གང་གིས་ཐད་ནས་བལྟས་ན་མིག་སྔའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་དཔལ་འབྱོར་འཕེལ་ཚད་དང་མི་འཚམས་པ་དང་། སློབ་གྲྭའི་ཆེད་ལས་མང་པོ་ཞིག་སྤྱི་ཚོགས་ཀྱི་ལས་གནས་མང་པོ་ཞིག་གི་དགོས་མཁོའི་ཆ་རྐྱེན་དང་མི་འཚམས་པ། སློབ་ཆེན་ནས་སྦྱོང་བའི་ཆེད་ལས་ཀྱིས་ལས་གནས་གང་འཚོལ་བར་ཚད་བཀག་བཟོས་འདུག་པའི་གནད་དོན་ཡང་ཡོད། ལས་ཞུགས་རྒྱུགས་འདེམ་ཁ་ཤས་ནང་དུ་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་ས་མེད་པ་དང་། རྒྱ་ཡིག་རྒྱ་སྐད་ཁོ་ནའི་ལམ་ནས་རྒྱུགས་ལན་འདེབས་དགོས་པའི་དཀའ་ཁག་གིས་ལས་གནས་ལ་རྒྱུགས་མ་འཕྲོད་པར་ལྷག་འདུག་པ་ཡང་མི་ཉུང་བ་ཞིག་ཡོད།
བཞི་པ། ངལ་རྩོལ་ནུས་ཤུགས་ལྷག་མའི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པའི་སྐོར།
        1.ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལག་རྩལ་ཇེ་མཐོར་གཏོང་བ།
        འབྲོག་ཁུལ་ངལ་རྩོལ་ནུས་ཤུགས་ཀྱི་བསམ་བློ་དང་རིག་གནས་ཆུ་ཚད་ཞན་པ་དང་། ངལ་རྩོལ་བའི་ཚན་རིག་ལག་རྩལ་ཐད་ཀྱི་ཤེས་བྱ་དབེན་པ་ནི་ངལ་རྩོལ་ནུས་ཤུགས་ལྷག་མའི་གནད་དོན་འབྱུང་བའི་རྒྱུ་རྐྱེན་གཙོ་གྲས་ཤིག་ཡིན་ལ། གནད་དོན་འདི་ཐག་གཅོད་བྱེད་པ་ལ། ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ས་གནས་སློབ་གསོའི་ཐད་དུ་འགྲོ་སོང་ཇེ་མཐོར་བཏང་སྟེ་འབྲོག་ཁུལ་སློབ་གསོའི་ཁོར་ཡུག་ཇེ་ལེགས་དང་སློབ་གསོའི་ཆུ་ཚད་གོང་མཐོར་གཏོང་བ་དང་། འབྲོག་པ་མང་ཚོགས་ཀྱི་ཚན་རྩལ་གྱི་ཆུ་ཚད་དང་རིག་གནས་ཤེས་བྱའི་ཆུ་ཚད། དེ་དག་གོང་མཐོར་བཟོ་བ་དང་། ན་གཞོན་དག་སློབ་གྲྭར་མངགས་ནས་ཚན་རིག་རིག་གནས་དང་ཤེས་བྱ་ལག་རྩལ་སོགས་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས་ལ་རིག་གནས་སློབ་གསོ་དང་། ལག་རྩལ་ཤེས་བྱ་སོགས་སློབ་པར་སྒེར་གཞུང་གང་རུང་སྒོས་ཟབ་སྦྱོང་འཛིན་གྲྭ་དང་སྒེར་གཉེར་ལག་རྩལ་སློབ་གྲྭ་འཛུགས་པ། གཞུང་སྒེར་གཉིས་ཀྱིས་སྒོ་ནས་ས་གནས་ཐོན་ལས་དང་འཚོ་བར་འཚམས་པའི་ཚོང་ཁང་དང་། བཟོ་གྲྭ་ཁེ་ལས་སོགས་འཛུགས་པ། དེར་ངལ་རྩོལ་ནུས་ཤུགས་ལྷག་མ་དག་གིས་འབྲེལ་ཡོད་ཚན་རིག་རིག་གནས་དང་ལག་རྩལ་ཤེས་བྱ། བཟོ་ཚོང་ལས་རིགས་དང་ཁེ་ལས་དཔལ་འབྱོར་སོགས་ཀྱི་ཤེས་བྱ་སློབ་གཉེར་བྱེད་དུ་འཇུག་པ་ནི་ཐབས་མཆོག་ཏུ་མངོན།
        2.ཐོན་ལས་སྒྲིག་གཞིའི་ཐད་ཀྱི་ལེགས་བསྒྱུར་དང་གསར་བཅོས།
        འབྲོག་ཁུལ་ལ་མཚོན་ན་དུས་རྒྱུན་ཏུ་གཉེར་བའི་ཐོན་ལས་ནི་འབྲོག་ལས་ཏེ་ཐོན་ལས་དང་པོ་དེ་ཡིན་ལ། སྲོལ་རྒྱུན་རྣམ་པའི་ཐོན་ལས་དང་པོ་དེའི་ཐོན་སྐྱེད་བྱེད་སྟངས་དང་ཐོན་སྐྱེད་ལག་རྩལ། ཐོན་སྐྱེད་རྒྱུ་ཆ་སོགས་ཀྱི་ཐད་ལ་བསྒྱུར་བཅོས་དང་གསར་སྣོན་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འབྲོག་ལས་ཐོན་ལས་དེ་ཚད་མཐོན་པོའི་སྒོ་ནས་ལེགས་བསྒྱུར་བྱས་ཏེ་འབྲོག་ལས་ཀྱི་ཐོན་ཁུངས་དེ་སྔོག་འདོན་བྱེད་པ་དང་། ཐོན་རྫས་དེ་རིགས་ལས་སྣོན་དང་ལེགས་བསྒྱུར་བྱས་ཏེ་འབྲོག་ལས་ཐོན་རྫས་དེ་ཁྲོམ་རའི་དཔལ་འབྱོར་དང་འཚམས་པའི་ཚོང་ར་ཅན་དང་ཁྲོམ་ར་ཅན། ཐོན་ལས་ཅན་ཏུ་གཏོང་བ་དེ་གལ་ཆེ། ཐོན་ལས་གཉིས་པ་དང་གསུམ་པ་ནི་ངལ་རྩོལ་ནུས་ཤུགས་ཀྱི་དགོས་མཁོའི་ཚད་ཆེས་ཆེར་ལྡན་ས་དང་ངལ་རྩོལ་ཁོར་ཡུག་ཆེས་ཆེར་ལྡན་ས་དེ་ཡིན། དེ་ན་ང་ཚོས་ཡང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་དང་པོ་ལེགས་བསྒྱུར་དང་གསར་བཅོས་བྱས་ཏེ་གོང་འཕེལ་གཏོང་བའི་རྨང་གཞིའི་ཐོག ཐོན་ལས་གཞན་པ་ཡང་རིམ་བཞིན་འོས་འཚམས་དང་བརྒྱུད་རིམ་ཡོད་པའི་སྒོ་ནས་སྤེལ་བ་དང་། ངལ་རྩོལ་ནུས་ཤུགས་ལྷག་མ་དེ་རིགས་ས་གནས་ཐད་གནས་སྤོར་དང་ལས་རིགས་ཐད་བརྗེ་སྤོར་བྱེད་པ་སོགས་སྤེལ་ཆོག དེ་ནི་འབྲོག་ཁུལ་འཚོ་བའི་ཆུ་ཚད་དང་དཔལ་འབྱོར་ཡོང་སྒོའི་ཚད་གོང་མཐོར་གཏོང་ཐུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། ལས་རིགས་ཀྱི་ཁ་གྲངས་ཇེ་མང་དང་ལས་ཞུགས་རྒྱ་ཁྱོན་ཇེ་ཆེར་བཟོས་པས་ངལ་རྩོལ་ནུས་ཤུགས་ལྷག་མའི་གནད་དོན་དེ་ཐད་གཅོད་ཐུབ་པའི་ཐབས་ལམ་གཞན་ཞིག་ཏུ་བརྩི།
        3.ངལ་རྩོལ་མཁན་གྱི་བསམ་བློ་འདུ་ཤེས་ཐད་ཀྱི་བསྒྱུར་བཅོས།
        ལས་ཞུགས་ཐད་བསམ་བློ་སྣ་རྐྱང་དང་གུ་དོག རྙིང་ཞེན་དང་བག་འཁུམ་དེས་ཀྱང་ལས་ཞུགས་སྲིད་ཕྱོད་ཇེ་མཐོར་གཏོང་བར་བཀག་འགོག་དང་ངལ་རྩོལ་ནུས་ཤུགས་ལྷག་མ་ཐོན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་མངོན། བུ་ཕྲུག་ལ་སློབ་གསོ་གཏོང་སྐབས་མི་རིགས་རང་གི་རིག་གནས་ཀྱི་ཉིང་བཅུད་རྒྱུད་འཛིན་དང་དར་སྤེལ་ཐོག ད་དུང་གཞན་པའི་ལས་རིགས་སྣ་ཚོགས་གཉེར་བའི་གལ་ཆེན་རང་བཞིན་དང་དགེ་མཚན་དག་རྟོགས་སུ་འཇུག་དགོས་ལ། བུ་ཕྲུག་ཚོར་རང་ནུས་གང་ཡོད་ཀྱིས་ལས་རིགས་གསར་བསྐྲུན་སོགས་བྱེད་པའི་ཐད་ལའང་རྒྱབ་སྐྱོར་དང་སློབ་གསོ་གཏོང་དགོས། ཕྱིར་འབྲོག་ལས་གཉེར་བ་ཡིན་རུང་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་དེ་གསར་བཅོས་བྱེད་དགོས། མི་སྒེར་གྱིས་ལས་རིགས་གསར་བསྐྲུན་བྱེད་པ་ནི་ང་ཚོར་མཚོན་ན་ལས་རིགས་བསམ་བློའི་ཐད་ཀྱི་ཐོད་བརྒལ་ཞིག་དང་གསར་བརྗེ་ཞིག་ཡིན།
        4.འབྲེལ་ཡོད་སྲིད་ཇུས་དང་ལམ་ལུགས་ཐད་ཀྱི་ལེགས་བཅོས་དང་བསྒྱུར་བཅོས།
        འབྲོག་ཁུལ་ལས་ཞུགས་སྲིད་ཇུས་ཐད་དུ་སྐད་གཉིས་སློབ་གསོའི་ལམ་ལུགས་གཞིར་བཞག་ཐོག་རྒྱའི་སྐད་ཡིག་དང་བོད་སྐད་ཡིག་གཉིས་ཀྱི་སྒོ་ནས་རྒྱུགས་ལན་འདེབས་པ་དང་མི་སྣ་བསྐྱེད་སྲིང་བྱས་ན་ཕན་ཐོག་ཆེན་པོ་ཡོད་ངེས་ལ། ས་གནས་སུ་སྐད་གཉིས་ནུས་ལྡན་གྱི་ལས་བྱེད་པ་མང་པོ་ཞིག་གསོ་སྐྱོང་དང་སྐད་གཉིས་སློབ་གསོ་ཡང་གོང་འཕེལ་གཏོང་དགོས། མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བར་ཕན་ཐོག་ལ། མི་རིགས་ས་ཁུལ་དུ་བྱ་བ་སྒྲུབ་པའི་ལས་བྱེད་པ་དག་གིས་ས་གནས་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བར་ལྷག་ཏུ་ཕན་ཐོག ལས་ཞུགས་པ་མང་པོ་ཞིག་གིས་བྱ་བ་འཚོལ་བ་ཡང་ཇེ་སླར་གཏོང་ཐུབ། རྩ་བའི་ཆ་ནས་གནད་དོན་ཐག་གཅོད་བྱེད་པ་དེ་དབུལ་སྐྱོབ་དམིགས་ཡུལ་ནས་འཚོ་ཐབས་ཀྱི་ནུས་པ་མཐོར་འདེགས་གཏོང་བའི་ཕྱོགས་སུ་བསྒྱུར་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1