༄༅།། གནའ།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-30



        གནའ་ཡི་གཟུགས་པོ་འབྲིང་ཙམ་ཡིན་ཏེ་རིང་ཚད་ལ་ལི་སྨི་110ནས་165ཡོད་ཅིང་རྔ་མའི་རིང་ཚད་ལ་ལི་སྨི་10ནས་20ཡོད། སོག་མགོའི་མཐོ་ཚད་ལ་ལི་སྨི་75ནས་ལི་སྨི་90དང་ལྗིད་ཚད་ལ་སྤྱི་རྒྱ་25ནས་80ཡོད་པ་ཡིན། མོ་ལས་ཕོ་ཆེ་ཞིང་མགོ་བོ་ཅུང་ཆུང་ཞིང་མིག་གཉིས་ཆེ་ལ་རྣ་བ་ཅུང་ཆུང་། གནའ་ཕོ་མོ་གཉིས་ཀར་རྭ་ཡོད་ལ་ཕོ་ཡི་རྭ་ཅོ་ཕྱོགས་གཉིས་ལ་གུག་ནས་ཡོད་ཅིང་རིང་ཐུང་ལ་ལི་སྨི་60ཙམ་ཡོད་ལ་མོའི་རྭ་ཅོ་དེ་ལས་ཆུང་ཞིང་ཐུང་ལ་ལི་སྨི་16ཙམ་ལས་མེད། རྭ་རྩ་ཕལ་ཆེར་གནས་གཅིག་ཏུ་འབྱར་ནས་ཡོད་ཅིང་རྭའི་སྟེང་དུ་མངོན་གསལ་མིན་པའི་འབུར་རིས་ཙམ་ཡོད། རྒྱབ་གཞུང་གི་མདོག་སྨུག་སྐྱ་དང་སྔོ་སྐྱ་ཡིན་པས་ཕལ་ཆེར་བྲག་རྡོའི་མདོག་དང་མཚུངས། ལྟོ་ངོས་དང་སུག་བཞིའི་ནང་ངོས་དཀར་པོ་དང་སུག་བཞིའི་མདུན་ངོས་ནག་པོ་ཡིན། 

        གནའ་ནི་མཚོ་ངོས་ལས་སྨི་2500ནས་སྨི་5000གིས་མཐོ་བའི་ནགས་མེད་པའི་རི་མགོ་རུ་འཚོ་ལ་དབྱར་དུས་བཅུ་གྲངས་ཙམ་རེ་ཁྱུ་སྒྲིག་ནས་འཚོ་ཞིང་དགུན་དུས་བརྒྱ་ཕྲག་རེ་མཉམ་དུ་ཁྱུ་ཆེན་སྒྲིག་ཅིང་ཕོ་གནའ་གཅིག་གམ་འགའ་ཤས་ཀྱིས་མགོ་ཁྲིད་ནས་འགྲོ་བ་ཡིན། ས་སྲོད་ཀྱི་དུས་སུ་འགུལ་སྐྱོད་བྱེད་ཅིང་དུས་རྒྱུན་དུ་ཕོ་གནའ་གཅིག་གམ་འགའ་ཤས་ཀྱིས་རི་མཐོ་ས་ནས་བྱ་ར་བྱེད་པ་ཡིན་ལ་དགྲ་བོ་ཉེ་སར་བཏུད་པར་བྱེད་ཚེ་རི་མཐོ་སའི་བྲག་ངོས་སུ་བྲོས་འགྲོ་ཞིང་སྤུ་མདོག་དང་བྲག་རྡོའི་མདོག་འདྲ་བས་མངོན་དཀའ་བ་ཡིན། ཉིན་དཀར་དང་དགོང་མོའི་དུས་སུ་བྲག་རིའི་འགྲམ་སོགས་ནས་ངལ་གསོ་བ་དང་ས་སྲོད་ལ་ཆུ་འགྲམ་ནས་ཆུ་འཐུང་བ་ཡིན། ཁ་ཟས་གཙོ་བོ་ལ་རྩྭ་དང་ཤིང་ཕྲན་གྱི་རིགས། སྔོ་དྲེག་སོགས་ཡིན་པ་དང་རང་བྱུང་གི་གཉན་པོ་ནི་གསའ་དང་འཕར་བ། སྤྱང་ཀི བྱ་རྒོད་སོགས་ཡིན། 

        གནའ་བ་ནི་ཕྱི་རྒྱལ་གྱི་བལ་བོ་དང་འབྲས་ལྗོངས་སོགས་སུ་ཡོད་པ་དང་རྒྱལ་ནང་གི་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱས་ཡོད་པ་རེད། 

        གནའ་ནི་དགུན་དུས་ཀྱི་ཟླ་བ་བཅུ་གཉིས་པ་ནས་ཕྱི་ལོའི་ཟླ་བ་དང་པོའི་ནང་དུ་སྐྱེ་འཕེལ་དུས་རིམ་ཡིན་ཞིང་ཕོ་གནའ་འགའ་ཤས་ཀྱིས་སྦྱོར་སྤྲོད་བྱེད་ཡ་འཕྲོག་རྩོད་བྱེད་པའི་སྣང་ཚུལ་འབྱུང་སྲིད་ནའང་དེ་འདྲའི་ཛ་དྲག་མིན། མངལ་སྦྲུམ་པའི་དུས་ཡུན་ནི་ཟླ་བ་ལྔ་ནས་དྲུག་ཡིན་པས་ཟླ་དྲུག་པ་ནས་བདུན་པའི་ནང་གནའ་ཕྲུག་བཙའ་བ་ཡིན། གནའ་ཕྲུག་བཙས་ནས་ཉིན་བཅུ་ལོངས་ན་བྲག་ངོས་སུ་འགོ་ཐུབ་པ་དང་ལོ་གཉིས་ཙམ་གྱི་ཐོག་དར་ལ་འབབ་པ་ཡིན། ཚེ་ཚད་ཕལ་ཆེར་ལོ་བཅོ་ལྔ་ནས་བཅུ་བདུན་ཡིན། 

        གནའ་ཡི་ལྤགས་པའི་རིན་གོང་ཅུང་མཐོ་བས་མི་རྣམས་ཀྱིས་གསོད་དྲགས་པ་དང་ད་ལྟ་ས་ཆ་ཁ་ཤས་ན་གནའ་མཐོང་རྒྱུ་མེད་པར་གྱུར་འདུག་ལ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ལ་གཏོགས་པ་ཡིན།། 
        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1