༄༅།། ཡུལ་ཤུལ་གནའ་བོའི་བྲག་རིས་སྒྱུ་རྩལ་གྱི་གསང་ཞིབ།

སངས་རྒྱས་དོན་འགྲུབ་ཀྱིས་བྲིས་ཤིང་པར་བླངས།། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-05


        ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་གི་ཡུལ་དུ་གནས་ཆགས་ཤིང་ཕྱི་སྣོད་ཀྱི་འཇིག་རྟེན་ལ་རི་ཆུའི་བཀོད་པ་ཕུན་སུམ་ཚོགས་ཤིང་། ནང་བཅུད་ཀྱི་ཡུལ་མི་སྐྱེ་འགྲོ་ཀུན་ལ་སྒྱུ་རྩལ་རིག་པའི་དཔལ་ལ་དབང་འབྱོར་བའི་ཡུལ་གྲུ་ཁྱད་པར་ཅན་ཞིག་ཡིན། ཁུལ་འདི་ནི་གྲངས་ཉུང་མི་རིགས་ཀྱི་བརྒྱ་ཆའི་ཟིན་ཚད་ཆེས་ཆེ་བའི་རང་སྐྱོང་ཁུལ་གྱི་ས་གནས་ཁྱད་པར་བ་ཞིག་ཡིན་པས་གཞན་དང་ཐུན་མོང་མ་ཡིན་པའི་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། དམངས་ཁྲོད་སྒྱུ་རྩལ་སོགས་གཞན་ལས་ཁྱད་དུ་འཕགས་པའི་རིག་གཞུང་དུ་མ་ཞིག་མཆིས་ཀྱང་། དེང་གི་ཆར་འདིར་སྔོན་བྱོན་རྒན་རབས་དེ་ཚོ་ནི་ལོ་རྒྱུས་ཀྱི་ཡིག་རྙིང་ཙམ་དུ་གྱུར་ཞིང་ཡལ་ལ་ཉེ་བ་དང་། གསར་སྐྱེས་གཞོན་ནུ་རྣམས་ནི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་དབང་གིས་རིག་གཞུང་དེ་དག་དང་འབྲེལ་འདྲིས་ཉུང་བས་གནའ་བོའི་སྲོལ་རྒྱུན་རིག་གནས་དེ་དག་ཉམས་ཤིང་འཇིགས་ལ་ཉེ་བའི་དུས་འདིར་ཡུལ་ཤུལ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཡང་དག་པའི་དབུ་ཁྲིད་འོག མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཐུགས་ཁུར་དང་རོགས་རམ་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས། ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་དཔོན་གཞོན་པ། ཡུལ་ཤུལ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དབུ་ཁྲིད་གུར་དྲག་ལགས་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་དང་མོས་པ། མི་རིགས་དང་ས་གནས་ཀྱི་དགོས་མཁོ། མིག་སྔར་གྱི་གནས་བབ་བཅས་ལ་གཞིགས་ནས་སྲོལ་རྒྱུན་རིག་གནས་དུ་མ་ཞིག་རྒྱུན་འཛིན་དང་ཉམས་གསོ་བྱེད་པ་ཁྱབ་བསྒྲགས་བཅས་བྱས་ཤིང་། གནའ་བོའི་གྲོང་སྡེ་སྲུང་སྐྱོབ་དང་། གླིང་གེ་སར་ལྷ་སྒྲུང་རིག་གནས། ནོར་ནག་རིག་གནས་སམ་གནའ་བོའི་འབྲོག་ལས་རིག་གནས། འབྲི་ཆུ་འགྲམ་རྒྱུད་ཀྱི་གནའ་བོའི་བྲག་རིས་རིག་གནས། ད་དུང་གླུ་གར་སྒྱུ་རྩལ་རིག་གནས་སོགས་རིགས་གནས་ཆེ་ཆུང་དུ་མ་ཞིག་ཉམས་པ་སླར་གསོ་དང་མ་ཉམས་འཕེལ་རྒྱས་ཀྱི་ཁྱད་དུ་ནུས་ཤུགས་ཡོད་རྒུ་བཏོན་ཡོད། ལྷག་པར་དུ་གནའ་བོའི་བྲག་རིས་རིག་གནས་ནི་རིག་གཞུང་ཀུན་གྱི་སྙིང་བཅུད་ལྟ་བུར་གྱུར་ཞིང་བྲག་རིས་རེ་རེ་ལ་མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་རྒྱུད་རིམ་ལྡན་ཞིང་། རི་མོ་མི་འདྲ་བ་སྣ་ཚོགས་ཀྱིས་མཚོན་དོན་མི་འདྲ་བ་རེ་སྟོན་ནུས་ཤིང་དེའི་སྐབས་ཀྱི་སྤྱི་ཚོགས་ཀྱི་འཚོ་བའི་བདེ་སྡུག་དང་། ཡུལ་སྲོལ་གོམ་གཤིས། རིག་གནས་དཔལ་འབྱོར་སོགས་མཚོན་དོན་མི་འདྲ་བ་དུ་མས་ད་ལྟའི་ས་གནས་དང་མི་རིགས་ལོ་རྒྱུས་ཀྱི་བདེན་དཔང་དང་རྒྱབ་ལྗོངས་ཉིད་དུ་གྱུར་ཡོད། ཁོང་རང་ཉིད་ཀྱིས་ཀྱང་དེ་ལྟ་བུ་དགེ་མཚན་དུ་མ་མཐོང་བའི་དབང་གིས་ཉེ་བའི་ལོ་འགའི་སྔོན་དུ་དཀའ་སྤྱད་དུ་མའི་འབད་པ་ཕྲག་ཏུ་ཁུར་ནས་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་ལྷ་རིས་སྒྱུ་རྩལ་པ་འཇམ་དབྱངས་ཉི་མ་ཆེད་དུ་གདན་ཞུ་བྱས་ནས་དེ་དང་ལྷན་དུ་རང་ཁུལ་གྱི་ས་གནས་སོ་སོ་དང་ལྷག་པར་དུ་འབྲི་ཆུ་འགྲམ་རྒྱུད་ཀྱི་བྲག་རིས་སྒྱུ་རྩལ་སྐོར་ལ་མི་ལོ་དུ་མའི་རིང་རྒྱུས་ལོན་དང་ཞིབ་འཇུག་དུ་མ་བྱས་མཐར་འབྲི་ཆུ་ཆུ་མགོ་ནས་འབྲི་ཆུའི་ཟམ་ཆེན་བར་ཆུ་དམར་དང་འབྲི་སྟོད། ཁྲི་འདུ་གསུམ་གྱི་མངའ་ཁུངས་སྤྱི་ལེ་བརྒྱད་བརྒྱ་ལྷག་གི་རིང་ཚད་ཀྱི་འགྲམ་ལ་གནའ་རབས་ཀྱི་བྲག་བརྐོས་རི་མོ་གྲངས་ཆིག་སྟོང་བརྒྱད་བརྒྱ་ལྷག་ཙམ་ཞིག་བྲག་ཐོག་བརྐོས་ཡོད་པ་གསར་རྙེད་བྱུང་ཡོད། དེའི་ཐད་ལ་ས་གནས་ཀྱི་མི་རིགས་རིག་གནས་དང་ལོ་རྒྱུས་ཀྱི་བདེན་དཔང་དུ་མ་སྔར་མེད་གསར་བྱུང་གི་གྲུབ་འབྲས་མི་དམན་པ་ཐོབ་ཅིང་། སྤྱི་ལོ་2016ལོའི་ཟླ་6པའི་ནང་རྒྱལ་ཡོངས་ཀྱི་གནའ་བོའི་བྲག་རིས་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཡུལ་ཤུལ་ཁུལ་དུ་བསྡུས་ནས་རྒྱ་བོད་མི་རིགས་ཀྱི་མཁས་པ་དུ་མ་ཚོགས་འདུ་དེར་གདན་ཞུ་ཞུས་ནས་བྲག་རིས་རིག་གནས་སྐོར་ལ་བགྲོ་གླེང་བྱས་པ་དང་། རང་ཁུལ་གྱི་ཁུལ་ཨུ་ཧྲུའུ་ཅུ་ཝུས་རྡི་ཆོན་དང་། ཁུལ་དཔོན་ཚེ་རིང་ཐར། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་དང་། ལོ་རྒྱུས་ཆེད་མཁས་པ་སྡེ་རོང་ཚེ་རིང་དོན་འགྲུབ། དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན། རང་ཁུལ་གྱི་བོད་རིག་པའི་མཁས་དབང་བསམ་གཏན་རྣམ་རྒྱལ། ཉིས་ཞ་དང་ཧྲང་ཧེ་སོགས་ཀྱི་གནའ་བོའི་བྲག་རིས་ཞིབ་འཇུག་པ་དུ་མ་ཞིག་ཚོགས་འདུ་དེར་ཞུགས་ནས་ཡུལ་ཁག་རེ་རེ་ཡི་བྲག་རིས་སྒྱུ་རྩལ་གྱི་ཁྱད་ཆོས་དང་། མཚོན་དོན། ལོ་རྒྱུས་ཀྱི་དུས་ཡུན། རྒྱ་བོད་མི་རིགས་སོ་སོས་བརྡ་དང་ཐ་སྙད་འདོགས་ཚུལ། དེང་སྐབས་མཚན་རིག་གི་བལྟ་བ་དང་བསྟུན་ནས་མཐུན་ཕྱོགས་གླེང་བ་སོགས་ངག་ཐོག་གི་གཏམ་བཤད་དང་། མ་ཚད་གནའ་བོའི་བྲག་རིས་བྲིས་པའི་ས་གནས་ཀྱི་ཡུལ་དངོས་ལ་སོང་ནས་བལྟ་ཞིབ་བྱས་པས་རང་ཁུལ་གྱི་ལྷ་རིས་སྒྱུ་རྩལ་པའམ་གནའ་རབ་བྲག་རིས་ཞིབ་འཇུག་པ་དགེ་འཇམ་དབྱངས་ཉི་མས་བཤད་སྐབས། རི་མོའི་རྣམ་པ་ལ་བལྟས་ནས་བཤད་ན་དེའི་སྐབས་ཀྱི་སྤྱི་ཚོགས་ཀྱི་འཚོ་བའི་རྣམ་པ་མཚོན་ཐུབ་པ། ས་གནས་ཀྱི་ལོ་རྒྱུས་དང་སྦྱར་ནས་བཤད་ན་དུས་ཡུན་གྱི་བདེན་དཔང་ར་སྤྲོད་ཐུབ་པ། རྒན་པོའི་ངག་རྒྱུན་འབྲེལ་ནས་བཤད་ན་ཉམས་ཟིན་པའི་སྲོལ་རྒྱུན་རིག་གནས་དུ་མ་སྔོག་འདོན་ཐུབ་པ། དེར་ཡོད་པའི་མཁས་དབང་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡུལ་ཤུལ་བྲག་རིས་སྒྱུ་རྩལ་ལས་ལོ་རྒྱུས་ཀྱི་བདེན་དཔང་དུ་མ་རྙེད་བྱུང་བ་འདིས་བྲག་རིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་དང་དགེ་མཚན་དེ་ལས་ཆེ་བ་མེད་ཅེས་བྲག་རིས་སྒྱུ་རྩལ་ལ་ངོ་མཚར་སྐྱེས་ཤིང་ཞིབ་འཇུག་པ་ལ་བསྟོད་བསྔགས་བྱས་པ་རེད།

        དེ་ལྟ་བུ་དགེ་མཚན་དུ་མ་ལྡན་པའི་གནའ་བོའི་བྲག་རིས་རིག་གནས་ནི་མཐའ་མེད་ལ་གཏིང་མི་མངོན་པ་ཞིག་ཡིན་པས་ད་དུང་རྒན་པའི་ངག་རྒྱུན་དང་། འབྲོག་པའི་མཐོང་ཐོས། ཞིང་པའི་བཤད་སྲོལ། སྔོན་གྱི་ལོ་རྒྱུས་ཡིག་རྙིང་སོགས་ལ་བརྟེན་ནས་ཞིབ་འཇུག་བྱེད་དང་བྱེད་བཞིན་མུས་ཡིན་ལ་ཁོང་གིས་རང་ཉིད་ལས་ཞོར་དུ་ས་གནས་དང་མི་རིགས་རིག་གནས་ལ་ནམ་ཡང་མི་འདོར་བའི་དམ་བཅའ་གཏན་པོས་མཚམས་རེར་རང་ས་གནས་ཀྱི་མཁས་དབང་དང་དགེ་རྒན་རྣམས་ཚོགས་འདུ་དུ་བསྡུས་ཤིང་བགྲོ་གླེང་དང་གྲོས་བསྡུར་གནང་བ། མཚམས་རེར་དེ་དག་དང་ལྷན་དུ་གཞི་རིམ་དུ་འགྲིམས་ནས་དམངས་ཁྲོད་ཀྱི་ངག་རྒྱུན་ལས་ས་གནས་སྲོལ་རྒྱུན་གྱི་རིག་གནས་འཚོལ་བ་སོགས་མདོར་ན་རིག་གནས་ཆེ་ཆུང་དུ་མ་ཞིག་ལ་དངོས་དང་རྒྱུད་པའི་སྒོ་ནས་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་ལམ་ཕྱོགས་སུ་བསྐྱོད་པའི་དེད་དཔོན་ཉིད་དུ་གྱུར་ཡོད། །  

        2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་དྲུག་པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1