གཙོ་ངོས།>> གནས་སྐབས་བེད་སྤྱོད་མེད་པ།>>གླུ་བ་གླུ་མ།

སྨིན་དབུས་པོ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༩ཉིན།

སྒྲོན་པེ།

    དུས་རབས་ཉི་ཤུ་བའི་དུས་མཇུག་ཏུ་ཕ་སྐད་ཀྱི་གཞས་གདངས་གསེང་མཐོར་སྒྲོག་པར་སྙན་གྲགས་ཀྱི་དར་ཆ་མཐོ་བའི་བོད་ཀྱི་གླུ་མ་སྒྲོན་པེ་ནི། མདོ་སྨད་ཀྱི་གནས་ཆེན་སྐ་བར་སྟག་རྩེའི་ཉེ་འདབས། སྐ་ཁྱུང་ཆུ་རྩྭ་ཐང་ཆེན་མོའི་མེ་ཏོག་གི་མཛེས་སྡུག་དང་མཉམ་དུ་འཚར་ལོངས་བྱུང་བ་དང་། ན་ཚོད་ཕྲ་དུས་ནས་བཅོས་མིན་སེམས་ཀྱི་དགའ་ཁ་གླུ་གཞས་ལ་ཕྱོགས་ཤིང་། བསིལ་ལྡན་སྨན་ལྗོངས་ཀྱི་དྭངས་གཙང་མཁའ་དབུགས་དང་སྡེབ་པའི་སྐད་ངག་ལ་ལྷན་སྐྱེས་ཀྱི་སྙན་ཆ་ནང་ནས་རྫོགས་ཕྱིར། སློབ་ཞོར་དུས་ཚོད་ཁྲོད་གླུ་གཞས་ལ་རང་སྦྱོང་མི་དམན་པ་བྱས། སྤྱི་ལོ1998ལོར་ཁོ་མོ་སི་ཁྲོན་ཞིང་ཆེན་བོད་ཡིག་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་ཁྱུང་ཆུ་རྫོང་བོད་སྨན་ཁང་དུ་ལས་བགོས་བྱས། དེ་ནས་བཟུང་ལས་ཞོར་དུ་སློབ་སྦྱོང་དང་གླུ་གཞས་གྱེར་བར་ཆེད་དུ་ལག་ལེན་མཛད་དེ། 2003ལོར་འབྲོང་གི་ཕ་ས་ཞེས་པའི་འོད་སྡེར་འགྲེམ་སྤེལ་བྱས་པ་བརྒྱུད་ཁོ་མོའི་སྐད་ངག་ཀྱི་སྙན་འཇེབས་དང་། ཡ་རབས་དུང་གཤིས་ལྷོད་པོའི་ཉམས་འགྱུར་གྱིས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཉན་མཁན་དང་ལྟ་མཁན་མི་ཉུང་བའི་ཤ་གསེང་རུས་གསེང་ལ་ཞེན་དུང་ཚོར་སྣང་གི་བག་ཆགས་སྔ་ན་མེད་པ་བསྐྱལ་ཏེ། བོད་ཀྱི་གླུ་མ་སྒྲོན་པེ་ཞེས་པའི་མིང་གྲགས་རང་བཞིན་ཤུགས་ཀྱིས་སཱ་ལའི་སྨན་ལྗོངས་ཕྱུག་མོའི་ཕྱོགས་གང་སར་ཁྱབ་མགོ་བརྩམས། 2004ལོར་ཁོ་མོ་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་ཅིང་མུ་མཐུད་དུ་ལོ་ངོ་བཅུ་ཙམ་ལ་སྨན་པའི་ལས་ཀ་གཉེར་ཏེ་གཤིས་འཇམ་བྱམས་བརྩེའི་ཀུན་སྤྱོད་ཀྱིས་འགྲོ་བ་ནད་ཀྱིས་གདུང་ལྡན་མང་པོར་ཚུལ་མཐུན་གྱི་ཞབས་ཞུ་རབ་དང་རིམ་པ་བསྒྲུབས།  2004ལོའི་མཚོ་སྔོན་རླུང་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་ཞུགས་རྗེས་ནས་མདོ་དབུས་ཁམས་གསུམ་གྱི་ལོ་སར་དགོང་ཚོགས་དང་རིག་རྩལ་སྤྲོ་ཚོགས་གང་མང་མང་ལ་ཞུགས་ཤིང་རྒྱ་ཆེའི་ཉན་མཁན་དང་ལྟ་མཁན་ཁྲི་སྟོང་གི་རྣ་བར་སྙན་མོའི་དབྱངས་རྟ་དང་། སེམས་ལ་སྤྲོ་སྣང་གི་དགའ་སྟོན་བསམ་ཡུལ་ལས་འདས་པ་གཅིག་མིན་དུ་མར་བསྩལ། 2005ལོའི་ཟླ8པར་མདོ་ཁམས་གསེར་རྟའི་གླིང་གེ་སར་ཟློས་གར་ཚོགས་པ་དང་མཉམ་དུ་པོ་ལན་རྒྱལ་ཁབ་ལ་འཁྲབ་སྟོན་དུ་ཕྱིན་ནས་ཐེངས་ཉེར་བདུན་པའི་རྒྱལ་སྤྱིའི་དེའུ་འབུར་དུས་ཆེན་ཐོག་དམངས་གླུའི་འགྲན་ཞུགས་མཛད་དེ་གླུ་མ་ཀླུ་མོ་སྐྱིད་དང་དར་མཚོ། ཁོ་མོ་བཅས་ཀྱིས་མཉམ་ལེན་བྱས་ནས་གསེར་གྱི་རྟགས་མ་བླངས། 2006ལོར་མོ་རང་གི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་གླུ་གཞས་ཀྱི་དྭངས་བཅུད་ཨ་ཅེ་འབྲོག་མོ་ཅེས་པའི་ཆེད་སྒྲིག་བརྙན་འཁོར་འགྲེམ་སྤེལ་བྱས་པ་བརྒྱུད་གླུ་གཞས་དང་ལེན་གྱི་བྱ་བའི་གྲུབ་འབྲས་སྔར་ལས་ཀྱང་མངོན་གསལ་དོད་པོ་བྱུང་སྟེ། གླུ་གཞས་ལ་དགའ་མཁན་དག་གི་སེམས་སུ་རྩིས་ཐང་ཡང་སྔར་ལས་ཆེ་བར་གྱུར་ཏེ་སྔོན་གྱི་གླུ་མ་སྒྲོན་པེའི་མིང་སྟེ། ཨ་ཅེ་འབྲོག་མོ་རུ་རང་བཞིན་ཤུགས་ཀྱིས་བསྒྱུར་ནས་བོད་ཀྱི་གླུ་གར་གྱི་སྟེགས་བུར་མཚན་གསར་གྱི་མཛེས་སྡུག་ཅིག་ཡང་བསྐྱར་འཕུར།   2007ལོར་ཀྲུང་གོའི་ན་གཞོན་གླུ་བའི་འགྲན་ཚོགས་སྐབས་སི་ཁྲོན་ས་ཁུལ་གྱི་དམངས་གླུ་ཚོགས་ཁག་ནས་ཨང་གཉིས་པའི་མིང་རྟགས་བླངས་པར་མ་ཟད། ལོ་དེར་དབྱིན་ཇི་རྒྱལ་ཁབ་ལ་འཁྲབ་སྟོན་དུ་ཕྱིན་པར་ཡུལ་དེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།  2008ལོར་མཚོ་སྔོན་ཇོ་མོ་གླང་མའི་གཟི་འོད་ཅེས་པའི་དགོངས་ཚོགས་ཀྱི་མདོ་འཛིན་པར་གདན་འདྲེན་ཞུས་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཁོ་མོའི་ལུས་ཀྱི་སྟངས་སྟབས་དང་། སྒྲ་དག་གཅོད་ལེགས་ཀྱི་ངག་གི་སྒྱུ་རྩལ་སོགས་ལ་དགའ་བསུ་ཆེན་པོ་ཐོབ།  2009ལོར་བོད་ཀྱི་སྲོལ་རྒྱུན་དམངས་གླུ་དང་དེང་རབས་གླུ་གཞས་ཀྱི་དྭངས་བཅུད་ཟུང་དུ་སྡེབས་པའི་ཆེད་སྒྲིག་བརྙན་འཁོར་གཉིས་པ་གསེར་གྱི་སྐར་ཚོམ་ཞེས་པ་འགྲེམས་སྤེལ་བྱས་ཤིང་།  བརྙན་འཁོར་འདིའི་ནང་ཚན་གླུ་གཞས་བླ་འབོད་ཞེས་པ་དེ་ལ། སྐབས་བཅོ་ལྔ་བའི་ལྗོངས་ཞིང་ལྔའི་བོད་སྐད་རླུང་བརྙན་འཕྲིན་ལེ་ཚན་གྱི་དཔྱད་བསྡུར་ཁྲོད་བརྙན་འཕྲིན་རིག་རྩལ་སྐོར་གྱི་ཨང་དང་པོའི་བྱ་དགའ་ཐོབ།      2010ལོ་ནས་བཟུང་མོའི་བསམ་བློའི་ཤེས་འཇོན་དང་དངོས་ཞུགས་བྱ་བའི་ནུས་ཤུགས་རང་སྟོབས་ལ་བརྟེན། སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་མདོ་འཛིན་པར་རྒྱུགས་འཕྲོད་དེ་ལས་ཁུངས་དེའི་རྒྱུན་ལས་ལས་བྱེད་པར་གྱུར།  སྐབས་དེར་ཁོ་མོས་རང་གི་ལས་གནས་ལ་རེ་བ་དང་ཡིད་ཆེས་བརྟན་པོས་བྱ་བའི་ཉམས་མྱོང་སྣ་ཚོགས་དང་ལྷག་པར་མདོ་འཛིན་པའི་ཤེས་བྱ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་ཕྱིར་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་ནས་ཟབ་སྦྱོང་བྱས་ཤིང་། 2013ལོར་ཀྲུང་དབྱངས་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་ནས་དངོས་གཞི་སློབ་མཐར་ཕྱིན་པ་དང་། ད་ལྟ་མོས་ལས་ཁུངས་སུ་མདོ་འཛིན་པ་དང་རྩོམ་སྒྲིག་པའི་ལས་ཀ་ཅི་ལྕོག་གིས་གཉེར་ཞོར། སྒྱུ་རྩལ་གྱི་ལམ་སྟེགས་ནས་ཀྱང་ཡར་ཐོན་གྱི་ཕྱོགས་ལ་གོམས་གང་མདུན་སྤོས་ཀྱིས་ཡར་ཐོན་ལ་བརྩོན་པ་སོགས། མོའི་མི་ཚེའི་ཁྲོད་ཀྱི་རེ་སྙེག་དང་མདུན་སྐྱོད་བྱེད་སྟངས། ལྷག་པར་མི་རིགས་རང་གི་གླུ་གར་ལ་ཞེན་དུང་མི་ལྷོད་པའི་རང་ཚུགས་དང་། དད་མོས་སེམས་ཁམས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་མཐོང་ཆེ་བའི་ཡ་རབས་ལུགས་ཀྱི་འཚོ་སྟངས་འདིས་ནི།  བོད་ཀྱི་བུད་མེད་སྤྱིའི་གནས་བབ་ལ་ཡར་ཐོན་དགོས་པའི་འབོད་སྐུལ་ཅིག་དང་། ལྷག་པར་གླུ་གར་གྱི་ལམ་བུ་ནས་མདུན་དུ་སྐྱོད་མཁན་ཚོར་བློ་སྤོབས་དང་དམིགས་འདུན་ཐུང་མི་རུང་བའི་མིག་དཔེ་བསུབ་ཏུ་མེད་པ་ཞིག་བསྐྲུན་འདུག་སྙམ་པ་བྱུང་། 

   

39.7K

རྩོམ་ཡིག་སྔོན་མ།
རིག་མཆོག
རྩོམ་ཡིག་རྗེས་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1