༄༅།། དགོ་དམར།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-13


        དགོ་དམར་གྱི་ལུས་ཧྲིལ་པོ་ཁམ་སེར་ཡིན་པ་དང་ཨོང་མགོ་དཀར་པོ་ཡིན། ཕོ་ལ་རྭ་ཅོ་ཡོད་ཅིང་སྣེ་མོ་གཉིས་ཡར་འཁྱིལ་ནས་ཡོད། རི་ཁུག་ཐང་གཞོངས་དང་མཚོ་ཡི་མཐའ་སྐོར་གྱི་འབྲོག་ཐང་ནས་ལྔ་དྲུག་ཙམ་དང་ཡང་ན་བཅུ་གྲངས་ཙམ་རེ་ཁྱུ་སྒྲིག་ནས་འཚོ་ལ་དགུན་དུས་སུ་མང་པོ་ཁྱུ་བསྡེབས་ནས་འཚོ་བ་ཡིན། བྱེ་རྩྭའི་རིགས་དང་བྱེ་མའི་ཁྲོད་སྐྱེས་པའི་སྐྱེ་དངོས་ནི་དགོ་དམར་གྱི་ཁ་ཟས་གཙོ་བོ་ཡིན། སྔོན་ཆད་མདོ་དབུས་མཐོ་སྒང་དང་ནང་སོག་རྩྭ་ཐང་། ཉིན་ཞ་དང་ཀན་སུའུ་སོགས་སུ་མང་པོ་ཡོད་མྱོང་མོད། འོན་ཀྱང་མིའི་བྱ་འགུལ་སྣ་ཚོགས་དང་འཚོ་སྡོད་ཁོར་ཡུག་ཇེ་ཞན་ཏུ་སོང་བ་དང་བསྟུན་ནས་ཁ་གྲངས་ཇེ་ཉུང་དུ་སོང་ཞིང་འཚོ་སྡོད་ས་ཁུལ་ཀྱང་ཆུང་དུ་སོང་ནས། ད་ལྟ་མཚོ་སྔོན་གྱི་མཚོ་སྔོན་པོའི་མཐའ་སྐོར་གྱི་བྲག་དཀར་ཐེམ་ཆེན་དང་བློན་པོ་གསེར་ཆེན་ས་ཁུལ་ན་མ་གཏོགས་མེད།   
        དགོ་དམར་གྱི་གཟུགས་པོའི་རིང་ཚད་ལ་ཕལ་ཆེར་ལི་སྨི་110ཡས་མས་ཡོད་ཅིང་སོག་མགོའི་མཐོ་ཚད་ལ་ལི་སྨི་50ཙམ་ཡོད། རྭ་ཅོའི་རིང་ཚད་ལ་ལི་སྨི་30ཡོད། མཆུ་ཏོའི་མདོག་ནག་པོ་དང་མ་མགལ་དཀར་པོ་ཡིན། ཕོའི་རིགས་ཀྱི་ལྗིད་ལ་ཧ་ལམ་སྤྱི་རྒྱ་27དང་མོའི་ལྗིད་ཚད་ལ་ཧ་ལམ་སྤྱི་རྒྱ་23ཡོད། རྔ་མ་ཐུང་ཞིང་ལི་སྨི་11ཙམ་མ་གཏོགས་མེད། 
        དབྱར་དུས་སུ་སྤུ་ཐུང་ཞིང་འོད་མདངས་ལྡན་ལ་སེར་སྐྱ་ཡིན། སྟོན་ཁར་སྤུ་རྒྱས་ནས་དགུན་གྱི་སྤུ་མདོག་ཁམ་སེར་དང་སྐྱ་མདོག་ཏུ་འགྱུར། རྐང་ལག་བཞི་བོའི་ནང་ཕྱོགས་དང་ལྟོ་བའི་ནང་གི་སྤུ་མདོག་དཀར་པོ་ཡིན། འདྲོགས་བསླངས་ཚེ་ཨོང་མགོའི་སྤུ་དཀར་པོ་གྱེན་ལ་རྩེང་ནས་མདའ་འཕངས་པ་ལྟར་བྲོས་འགྲོ་བ་དང་རྒྱུགས་རྩལ་ཤིན་ཏུ་མགྱོགས་པོ་ཡིན། 
        དགོ་དམར་གྱི་སྐྱེ་འཕེལ་དུས་རིམ་ནི་ཟླ་བ་བཅུ་གཉིས་པ་ནས་ལོ་རྗེས་མའི་ཟླ་བ་དང་པོ་ཡིན་ལ་སྐབས་དེར་ཕོ་མོ་མཉམ་བསྲེས་ཀྱིས་ཁྱུ་ཆེན་སྒྲིག་ནས་སྦྱོར་སྤྲོད་བྱེད་ཅིང་ཕོ་རྣམས་ཀྱིས་སྦྱོར་ཡ་འཕྲོག་རྩོད་བྱེད་པའི་རྣམ་པ་ཡོད་ཅིང་དེ་འདྲའི་ཛ་དྲག་མིན། རྒྱལ་ཁ་ཐོབ་པ་ཡིས་མོ་འགའ་རེའམ་མང་ན་ཉི་ཤུ་ཡས་མས་ཁྲིད་དེ་མཉམ་དུ་སྦྱོར་སྤྲོད་བྱེད་ལ་ཕམ་ཁ་ཐེབས་མཁན་དག་ཁྱུའི་རྗེས་སྙེག་ནས་གླགས་བཙལ་ནས་སྦྱོར་སྤྲོད་བྱེད་པའམ་ཡང་ན་ཁྱུ་དང་བྲལ་ནས་རོགས་ཟླ་གཞན་པ་འཚོལ་དུ་འགྲོ། ཟླ་བདུན་ལོངས་ན་ཕྲུ་གུ་བཙའ་བ་ཡིན་ལ་ཕྲུ་གུ་གཅིག་རེ་དང་མཚམས་ལན་རེར་གཉིས་རེ་བཙའ། བཙས་ནས་སྐར་མ་ཁ་ཤས་འགོར་ན་ལངས་ནས་འགྲོ་ཐུབ་ཅིང་དར་ལ་འབབ་རག་ཏུ་ཨ་མའི་རྗེས་འདེད་པ་ཡིན། ཕོ་རྣམས་ཀྱིས་ཕྲུ་གུ་གཉོར་སྐྱོང་བྱེད་སྲོལ་མེད། 
        ད་སྔ་མཚོ་སྔོན་པོའི་མཐའ་སྐོར་ན་ཁྱུ་ཁ་ཤས་ལས་མེད་ཅིང་བསྡོམས་འབོར་ཉིས་བརྒྱ་ནས་སུམ་བརྒྱ་ལྔ་བཅུ་ཙམ་མ་གཏོགས་མེད་པས་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་སུ་གཏོགས་པ་དང་། མིའི་འགུལ་སྐྱོད་སྣ་ཚོགས་ལ་བརྟེན་ནས་སྔར་གྱི་གྲངས་འབོར་ལས་ཇེ་ཉུང་དུ་ཕྱིན་འདུག་པས་རྒྱལ་ཁབ་ཀྱིས་སྔར་བས་ཤུགས་བསྣན་ནས་སྲུང་སྐྱོབ་བྱ་དགོས་སོ། ། 
        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1