༄༅།། བོད་ལུགས་གསོ་བ་རིག་པའི་རིག་གཞུང་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞིའི་བྱུང་བ་ལ་དཔྱད་པ་དྲང་བདེན་ཡིད་ཀྱི་མེ་ལོང་།

ཆོས་བུ། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-28


        བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཀུན་གྱི་རྒྱལ་པོ་ལྟ་བུ་དཔལ་ལྡན་རྒྱུད་བཞི་ནི་བྱུང་ཚུལ་དང་དེ་ཉིད་བོན་གྱི་འབུམ་བཞི་གྲགས་པ་ལས་བཤུས་བསྒྱུར་བྱས་པ་ཡིན་མིན་སོགས་བཤད་ཚུལ་འདྲ་མིན་དུ་མ་སྣང་ལ། དེང་རབས་ཀྱི་མཁས་པར་རློམས་པའི་བོན་ཆོས་ལ་དད་པ་དག་གིས་བོན་གྱི་འགྱུར་ཡིན་པ་དང་ནང་ཆོས་ལ་དད་པ་དག་གིས་བོད་རང་གི་ཡིན་ཚུལ་དང་ལོ་རྒྱུས་ཞིབ་འཇུག་དངོས་གནས་བྱ་མཁན་དག་གིས་དྲང་བདེན་གྱི་བསམ་ཚུལ་བཤད་པ་སོགས་འདྲ་མིན་དུ་མ་མཆིས་གསལ་ཡིན་རུང་། དངོས་སུ་ལོ་རྒྱུས་དང་རིག་གཞུང་གྲུབ་ཚུལ། བརྗོད་བྱ་དང་རྗོད་བྱེད་སོགས་ཀྱི་ཐད་ནས་དྲངས་བདེན་ངོས་འཛིན་དང་གཅིག་གྱུར་ཡོང་རྒྱུ་དེ་གལ་ཆེ་བ་སྣང་ལ། དེ་ཉིད་གཅིག་གྱུར་ཡོང་རྒྱུ་ནི་ཧ་ཅང་ཁག་པོ་རེད། ཡིན་ཡང་རང་ཉིད་ཀྱི་བལྟ་བ་རེ་ཙམ་བརྗོད་པ་ནི་བོད་ལུགས་གསོ་རིག་ལ་ཐོས་བསམ་བྱེད་མཁན་ཞིག་གི་འོས་འགན་དང་ཁེར་དབང་ཡིན་པས། འདིར་ཁོ་བོའི་བྱིས་བློས་དཔོགས་པ་དཀའ་ཡང་། རང་འདོད་ཙམ་གྱིས་འདོད་ཚུལ་ཕྲན་བུ་ཞིག་དཔྱད་ཁུལ་བྱ་བ་ལ། དཔལ་ལྡན་རྒྱུད་བཞི་བྱུང་ཚུལ་དང་། བོན་གྱི་འབུམ་བཞི་བྱུང་ཚུལ། དེ་གཉིས་ཕན་ཚུན་བར་གྱི་འབྲེལ་བ་བཅས་ལ་ཅུང་ཙམ་གླེང་བ་སྟེ།
དང་པོ། བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་བྱུང་ཚུལ།
        དེ་ཡང་སྔར་གྱི་ལོ་རྒྱུས་ཡིག་ཆ་དག་ལས་དཔལ་ལྡན་རྒྱུད་བཞི་འདི་ཉིད་སངས་རྒྱས་ཀྱིས་བཀའ་ཡིན་པ་དང་། རིག་བྱེད་པའི་གཏམ་རྒྱུད་ཡིན་ཚུལ་བཤད་པ། རྒྱ་ནག་ནས་བསྒྱུར་བ་ཡིན་ཚུལ། བཻ་རོ་ཙ་ནས་རྒྱ་གར་ནས་པཎ་ཆེན་ཙནྡྲ་དེ་ཝ་ལ་ཞུས་ཚུལ་དང་། གཡུ་ཐོག་པ་ཉིད་ཀྱིས་པཎ་ཆེན་ཙནྡྲ་དེ་ཝའི་དྲུང་ནས་ཞུས་ཚུལ། ད་དུང་སློབ་དཔོན་པདྨ་དང་ཁ་ཆེ་ཟླ་དགའ་བཻ་རོ་གསུམ་གྱིས་མཛད་པ་དང་གྲ་ན་མངོན་ཤེས་ཅན་སོགས་ཀྱིས་མཛད་པ། གཡུ་ཐོག་པས་མཛད་དེ་གཏེར་དུ་སྦས་པ་སོགས་གསུངས་ཚུལ་དུ་མ་མཆིས་རུང་དཔལ་ལྡན་རྒྱུད་བཞི་འདི་ཉིད་བོད་རང་གི་རིག་གཞུང་ཡིན་པ་ནི་མངོན་སུམ་དུ་གསལ་བ་སྟེ། མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། །རྒྱ་གར་འཕགས་པའི་ཡུལ་དུ་གསུངས་པ་མེད། །བོད་ཀྱི་སྨན་པ་བྱང་ཆུབ་སེམས་པས་མཛད། །ཅེས་གསུངས་པ་དང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བས། བོད་ཀྱི་མཁས་པས་བརྩམས་པའི་རྒྱུད་བཞི་བསླབས། ཞེས་དང་། མཁས་པར་རློམས་པ་འགས། དཔལ་ལྡན་རྒྱུད་བཞི་འདི་ཉིད་མ་ཕྱི་དངོས་ནི་བོན་གྱི་གསོ་རིག་འབུམ་བཞི་འདི་ཉིད་ཡིན་པར་འདོད་པ་དང་། འདི་གཉིས་ཚིག་སྦྱོར་གྱི་ཁྱད་པར་ཙམ་ལས་ནང་དོན་ཕལ་ཆེར་བརྒྱ་ཆ་དགུ་བཅུ་ཙམ་གཅིག་མཐུན་ཡིན་པ་དང་རབ་བྱུང་བཅུ་བཞི་པའི་ནང་དུ་བོན་བླ་ཉི་མ་བསྟན་འཛིན་གྱིས་བྲིས་པའི་བོན་གྱི་བཀའ་བསྟན་སྒྲིག་བྱང་ནང་དུ། གསོ་རིག་རྒྱུད་བཞི་འདི་སློབ་དཔོན་བཻ་རོ་ཙ་ནས་བོན་གྱི་གསོ་རིག་འབུམ་བཞི་ལ་བཟོ་བཅོས་གནང་བ་ཞིག་ཡིན་པར་བཤད་པ་དང་། དེ་བཞིན་དུ་གསོ་རིག་འབུམ་བཞི་འདིའང་སློབ་དཔོན་བཻ་རོ་ཙ་ནས་མགོ་མཇུག་གི་བོན་ལུགས་ཐ་སྙད་རྣམས་ནང་ཆོས་ལྟར་བསྒྱུར་བཅོས་གནང་སྟེ་བེད་སྤྱོད་བྱས་པ་ཡིན་པ་དང། པད་མ་བཀའ་ཐང་གི་ལེའུ་གྱ་བཞི་པ་ལས། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། ཞེས་སོགས་གསུངས་ཡོད་པ་འདི་ལས་བོན་ཆོས་འདྲེས་མར་བསྒྱུར་ཞེས་པ་ནི་བོན་ཆོས་ཀྱི་གཞུང་ལུགས་རྣམས་ནང་ཆོས་གྱི་རྣམ་པར་བསྒྱུར་བའི་དོན་ཡིན་ཞེས་བཤད་པ་དང་ཡང་གཅིག་ན། འབུམ་བཞིའི་ནང་གི་བོན་སྟོན་གཤེན་རབ་མི་བོ་ཆེ་དང་དཔྱད་བུ་སོགས་དྲི་ལན་གྱི་ཚུལ་ཡོད་ཚུལ་དང་། འབུམ་བཞི་གཏེར་དུ་སྦས་ཚུལ་སོགས་ཀྱི་ལོ་རྒྱུས་བྲིས་ནས་དཔལ་ལྡན་རྒྱུད་བཞི་འདི་ཉིད་འབུམ་བཞི་ནས་བསྒྱུར་ཚུལ་བྲིས་པ་སོགས་གང་ལྟར་ནའང་དཔལ་ལྡན་རྒྱུད་བཞི་འདི་ཉིད་བོད་རང་གི་གཞུང་ཡིན་པ་ནི་ཚད་མས་གྲུབ།
གཉིས་པ། བོན་གྱི་གསོ་རིག་འབུམ་བཞི་ཞེས་པ་དེ་བྱུང་ཚུལ།
        ཞང་ཞུང་བོན་གྱི་ལུགས་སུ་གསོ་རིག་ཀྱི་གཞུང་འབུམ་བཞི་རུ་གྲགས་པ་འདི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་དུས་སུ་བྱུང་བ་ཡིན་པ་དང་། བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་སྨྲ་བའི་དབང་པོ་དག་གིས་ཀྱང་བོད་རྗེ་གཉའ་ཁྲི་མ་ཕེབས་གོང་ནས་བོན་ལ་གསོ་རིག་ཡོད་ཚུལ། བོན་སྟོན་གཤེན་རབ་ཀྱི་རྣམ་ཐར་དར་ནས་ད་བར་ལོ་ངོ་ཁྲི་གཅིག་དང་དྲུག་སྟོང་ལྷག་ཟིན་པ་སོགས་བཤད་ཡོད་དེ། བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན་ཞེས་པ་ལས། ལྔ་པ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ནི། །སྐུ་ལས་བསྐྱེད་པའི་སྲས་ཀྱི་གཉིས་པ་སྟེ། །སྲས་སྤྲུལ་མཛད་སྐབས་ཁྲི་སྨོན་རྒྱལ་བཞད་དུ། །ཧོས་བཟའ་རྒྱལ་མེད་སྐུ་ལས་འཁྲུངས་པ་སྟེ། །གསོ་དཔྱད་ལ་སོགས་བོན་སྒོ་མ་ལུས་པ། །ཡབ་ཀྱི་དྲུང་དུ་གསན་ཅིང་ཐུགས་རབ་བསྐྱེད། །དཔྱད་བརྒྱུད་ཉིས་ཁྲི་ཆིག་སྟོང་ཐུགས་ལ་བཀྲ། །སངས་རྒྱས་སྨན་གྱི་བླ་དང་དབྱེར་མེད་གྱུར། །གསོ་དཔྱད་འབུམ་གསུམ་ལ་སོགས་ཞུས་ཤིང་བསྡུས། །ཚུལ་མིང་གཤེན་རབ་ཚུལ་འབར་ཁྲི་ཤེས་གསོལ། ཞེས་དང་། མ་ཧ་པནྜི་ཏ་ཆེན་པོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། གངས་ཅན་བོད་ཀྱི་གསོ་དཔྱད་ནི། །གཉའ་ཁྲི་བོད་རྗེ་མ་བྱོན་གོང་། །སྟོན་པ་གཤེན་རབ་མི་བོ་ཆེ། །ཞང་ཞུང་འོལ་མོ་ལུང་རིང་བལྟམས། །དཔྱད་སྡེ་ཉིས་ཁྲི་ཆིག་སྟོང་མཛད། །དཔྱད་བུ་ཁྲི་ཤེས་ལ་སོགས་པའི། །རྗེས་འཇུག་མཁས་པ་མང་བསྐྱངས་ནས། །བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས། གཡུང་དྲུང་བོན་ལ་རླུང་ལྟར་གྲགས། །དེས་ནས་བོད་ཀྱི་གསོ་དཔྱད་དབུ། །གཡུང་དྲུང་བོན་གྱིས་དུས་སུ་བརྙེས། །ཞེས་གསུངས་པ་ལྟར་ན། གཡུང་དྲུང་བོན་གྱི་ལུགས་སུ་གསོ་དཔྱད་ཀྱི་རིག་གཞུང་ཡོད་པ་ནི་ཐེ་ཚོམ་སྐྱེ་མི་དགོས་པ་ཞིག་ཡིན་པ་དང་བོད་ཡུལ་གསོ་དཔྱད་ཀྱི་ཕུག་གཏུག་ས་ཀྱང་དེ་ནས་ཡིན་པ་གསལ་བ་ལྟར་རེད། ལོ་རྒྱུས་ཡིག་ཆ་ལས་གསལ་བ་ལྟར་ན་བོན་གྱི་གསོ་དཔྱད་དར་ནས་རིང་བ་འདྲེན་ན་ལོ་ངོ་ཆིག་ཁྲི་དྲུག་སྟོང་ལྷག་དང་འབྲིང་བ་ལ་ལོ་ངོ་སུམ་སྟོང་དགུ་བརྒྱ། ཐུང་བ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་སོགས་འདྲེན་ཚུལ་མི་འདྲ་བ་ཡོད་ལ། དེ་དག་གང་གི་དུས་སུ་དར་རུང་། དེང་དུས་པར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས་པའི་འབུམ་བཞི་འདྲ་མིན་དེ་དག་ནི་བོན་སྟོན་གཤེན་རབ་མི་བོ་ཆེས་མཛད་པར་གྲགས་པའི་འབུམ་བཞི་དེ་མིན་ཚུལ་ལ་ཞིབ་འཇུག་མང་པོ་གནང་ཡོད་པ་སྟེ། ད་ལྟའི་འབུམ་བཞིའི་ནང་བརྗོད་བྱ་རྗོད་བྱེད། ཕྲད་དང་སྡེབ་སྦྱོར་བྱ་ཚུལ་སོགས་ཀྱང་སྐད་གསར་བཅད་བྱས་ཟིན་པའི་བོད་ཀྱི་རིག་གནས་དང་ད་ལྟའི་བོད་ཀྱི་ཡི་གེ་འདི་ཡིན་པ་ནི་གསལ་པོར་རེད། ད་དུང་དེའི་ནང་མིང་ཚིག་དང་ཐ་སྙད། བརྡ་སྤྲོད་སོགས་ཀྱི་འགྲོ་ལུགས་ཀྱང་ཡོངས་སུ་མཐུན་པ་དང་འབུམ་བཞིའི་དབུ་ལ་ཞང་ཞུང་གི་སྐད་དང་བོད་སྐད་ཅེས་འབྲི་བ་དེ་དགོས་མེད་ཞིག་རེད་སྙམ་ལ། དེ་ནི་ཁྱེད་རང་ཞང་ཞུང་གི་གསོ་དཔྱད་ཀྱི་གཞུང་འབྲི་བ་ལ་བོད་སྐད་ཐོག་ནས་འབྲི་བའི་དགོས་པ་མེད་པ་སྟེ། བོད་ཀྱི་གསོ་དཔྱད་ཀྱི་གཞུང་མི་རིགས་གཞན་གྱི་ཡི་གེའི་ཐོག་ནས་འབྲི་བའི་དགོས་པ་མེད་པ་ལྟ་བུ་དང་། ཡང་འབུམ་བཞིའི་ནང་རྒྱུད་བཞི་དང་འདྲ་བའི་སླེ་ཏྲེས་དང་ཏྲེས་སམ་ལྟ་བུ་ཞང་ཞུང་གི་ཐ་སྙད་དེ་དག་ལས་གཞན་ཞང་ཞུང་གི་སྐད་དང་ཐ་སྙད་ཡིན་ངེས་མཐོང་དུ་མེད་པ། གལ་ཏེ་ད་ལྟའི་འབུམ་བཞི་འདི་བོན་སྟོན་གྱིས་གསུངས་པ་དེ་ཡིན་ན་ཞང་ཞུང་རང་ལ་ཡོད་པ་གྲགས་པའི་སྨར་ཡིག་སོགས་ཀྱི་ཐོག་མ་བྲིས་གང་ཡིན་ནམ། ད་དུང་འབུམ་བཞིའི་ནང་རྒྱུད་བཞི་དང་འདྲ་བའི་རྒྱ་གར་སྐད་ཀྱི་ཐ་སྙད་ཛྰ་ཏི་དང་པཉྩ་ལྟ་བུ་རང་སོར་ཡོད་པ་དེ་ཡང་རྒྱུ་མཚན་གང་ཡིན་ནམ། དེའི་དུས་སུ་རྒྱ་གར་དང་རིག་གཞུང་གི་འབྲེལ་ཡོད་པའི་ལོ་རྒྱུས་ནི་མི་གསལ། གལ་ཏེ་བཻ་རོ་ཙ་ནས་བསྒྱུར་བ་ཡིན་ན་རྒྱ་གར་གྱི་ཡི་གེ་ལ་ཕར་བསྒྱུར་བའི་དགོས་པ་ནི་མེད། བསྒྱུར་བ་ཡིན་ན་ད་ལྟ་མ་ཕྱི་དེ་ཞང་ལུང་གི་སྐད་ཡག་ཐོག་ནས་བྲིས་པ་མེད་པའི་རྒྱུ་མཚན་གང་མདོར་ན་དེ་དང་དེ་འདྲ་བའི་དོགས་པ་དང་འགལ་བ་དེ་དག་ལ་བལྟས་ཤིང་ཞིབ་དཔྱད་བྱས་ན་ད་ལྟའི་འབུམ་བཞི་འདི་ནི་བོན་སྟོན་གྱི་དུས་སུ་དར་བ་དེ་མ་ཡིན་པ་གསལ།
གསུམ་པ། བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་དང་བོན་གྱི་འབུམ་བཞིའི་བར་གྱི་འབྲེལ་བ།
        ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་གོ་རིམ་ནང་དུ་ཚད་མར་འཛིན་ཐུབ་པའི་བདེན་དཔང་ཞིག་དགོས་པ་ནི་གནད་འགག་ཡིན་ལ། ཆོས་ལུགས་གྲུབ་མཐའ་ཡི་ཕྱོགས་ཞེན་དང་རང་གི་འདོད་བློ་ཁོ་ནར་འཛིན་ནས་ཞིབ་འཇུག་བྱེད་པ་དང་དཔྱད་བརྗོད་བྱེད་པ་ནི་རང་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་རིག་གནས་འཕེལ་རྒྱས་འགྲོ་བའི་འགག་སྒོ་ལྟེ་པོ་ཡིན་པས། གང་ལྟར་ཞིབ་འཇུག་དང་དཔྱད་བརྗོད་དྲང་པོ་བྱ་དགོས་པ་ནི་གནད་འགག་ཡིན། དེ་བས་བོད་ཀྱི་རིག་གནས་དང་སྒོས་སུ་གསོ་བ་རིག་པ་ལས་ལོ་རྒྱུས་ཀྱི་ཕུག་གམ་རྙིང་ཤོས་ནི་བོན་གྱི་རིག་གནས་ཡིན་པ་བཤད་མ་དགོས་པ་དང་། བོད་ཀྱི་གསོ་རིག་གི་དཔེ་ཆ་སྔ་ཤོས་ནི་བོན་གྱི་གསོ་དཔྱད་ཡིན་པ་ནི་གོང་དུ་ཞུས་པ་ལྟར་རེད། ཡིན་ཡང་ད་ལྟ་མཇལ་དུ་ཡོད་པའི་བོད་ལུགས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་དང་། བོན་གྱི་གསོ་དཔྱད་འབུམ་བཞི་གྲགས་པ་དེ་གཉིས་དབར་འབྲེལ་བ་ཡོད་དམ་ཞེ་ན། འབྲེལ་བ་གཏིང་ཟབ་ཞིག་ཡོད་ངེས་རེད་ལ། དེ་ནི་ཀུན་གྱིས་ཁས་ལེན་དགོས་པ་ཞིག་ཀྱང་རེད། དེ་ལས། བོད་ཀྱི་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་འདི་བོན་ཀྱི་གསོ་དཔྱད་འབུམ་བཞི་ཞེས་པ་ལས་བཤུས་བསྒྱུར་བྱས་པ་ཡིན་ཟེར་བའི་འཆལ་གཏམ་དེ་དག་ནི་ཧ་ཅང་ཐལ་དྲག་པ་ཞིག་རེད་སྙམ་ལ། འཆལ་གཏམ་དེ་འདྲ་བཤད་ན། ད་ལྟའི་བོན་གྱི་འབུམ་བཞི་འདི་ཉིད། བོད་ཀྱི་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་འདི་ཉིད་སོག་པོས་རྫུན་བཟོ་བྱས་པ་ནང་བཞིན་ཕར་བསྒྱུར་བ་རེད་འདུག་ཞེས་བཤད་ན་ཆོག་ལ། མགོ་རྒྱ་གར་སྐད་ནས་མཇུག་དོན་བར་དུ་རྒྱུད་བཞི་དང་བརྒྱ་ཆ་དགུ་བཅུ་ཙམ་འདྲ་བ་ཡོད་ལ། དུས་རབ་བཅུ་བཞི་པའི་ནང་བོན་གྱི་བླ་མ་ཉི་མ་བསྟན་འཛིན་བྱ་བས་བོན་གྱི་བཀའ་འགྱུར་བསྒྲིགས་དུས་སྔར་ནས་བཞུགས་སུ་གསོལ་བའི་དཔལ་ལྡན་རྒྱུད་བཞི་འདི་ཉིད་འདྲ་བཟོ་བྱས་ཏེ་བོན་གྱི་འབུམ་བཞི་ཞེས་པ་འདི་བྱུང་བ་རེད་ཅེས་བརྗོད་ན་ཆོག་པ་འདུག
        དེ་ཡང་ལོ་རྒྱུས་དང་མཐུན་ལ་ཆོས་དང་རིག་གནས་ཀྱི་འགྲོས་དང་མཐུན་པ་ལ། བོད་ཀྱི་དཔལ་ལྡན་རྒྱུད་བཞི་འདི་ཉིད་རྒྱ་གར་དང་ཏ་ཟིག་སོགས་ཀྱི་གསོ་རིག་དང་བོད་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་དང་བསྟུན་ནས་དགེ་ལེན་བྱས་པ་ནི་གོར་མ་ཆགས། དེ་བས་བོན་གྱི་གསོ་དཔྱད་ཀྱི་གཞུང་དང་བོད་ཀྱི་གསོ་རིག་བར་འབྲེལ་བ་རྒྱ་ཆེན་པོ་ཡོད་པ་མ་ཟད། དྭངས་ལེན་བྱས་ཡོད་པ་ནི་གསལ་བ་སྟེ། ཞང་ཞུང་གི་སྐད་ཡིན་པའི་སླེ་ཏྲེས་དང་ཏྲེས་སོགས་ཐ་སྙད་མང་པོ་ཡོད་ལ། རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཉིད་ཀྱིས་ཀྱང་བོན་གྱི་ལུགས་ལ་དུགས་ལུམས་བྱུག་པའི་རྒྱུད་ཡོད་ཚུལ་གསུངས་ལ། དཔལ་ལྡན་རྒྱུད་བཞི་འདི་བོན་གྱི་གསོ་དཔྱད་ཀྱི་གཞུང་ལས་དཔྱད་བསྡུར་དྭངས་ལེན་ཡོད་པ་ནི་ལུང་རིགས་ཚད་མས་གྲུབ། །
        དེ་ལྟར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་ཕྱི་མོ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བའམ་དཔལ་ལྡན་རྒྱུད་བཞིའི་བྱུང་ཚུལ་དང་། བོན་གྱི་འབུམ་བཞི་བྱུང་ཚུལ། དེ་གཉིས་ཕན་ཚུན་དབར་གྱི་འབྲེལ་བ་བཅས་ལ་ཅུང་ཞིག་གླེང་བ་ལ། གུས་པས་ལོ་བཅུ་གྲངས་རིང་བོད་ལུགས་གསོ་བ་རིག་པའི་རིག་གཞུང་ལོ་རྒྱུས་དང་བོད་སྤྱིའི་ལོ་རྒྱུས་སོགས་ལ་ཐོས་བསམ་ཕྲན་བུ་བྱས་པ་དང་། ལོ་ཤས་རིང་སློབ་གསོ་སློབ་ཁྲིད་བྱས་པའི་བརྒྱུད་རིམ་དང་མྱོང་ཚོར་བྱུང་དག་དང་སློབ་དཔོན་དམ་པའི་གསུངས་དང་རིག་གཞུང་དག་ལ་དཔྱད་བསྡུར་བྱས་ནས་དཔྱད་བརྩམས་འདི་བྲིས་པས། ལོག་བཤད། འཁྲུལ་བཤད། འགལ་བ་སོགས་ནོངས་སྐྱོན་ཉེས་པའི་ཆ་གང་ཡོད་པ་དག་རང་རིགས་མེས་པོ་དྲིན་ཆེན་དག་དང་སྤུན་གྲོགས་རྣམ་པའི་སྤྱན་སྔར་འཆགས་ཤིང་བཟོད་པ་གསོལ། །
        2016ལོའི་《ཁ་བཏགས་དཀར་པོ།》དེབ་6པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1