༄༅།།བོད་ཡུལ་གྱི་རྟ་མཆོག་གྲགས་ཅན་འགའི་ངོ་སྤྲོད།

རྣམ་དཀར་ལྷ་མོས་བསྡུ་སྒྲིག་བྱས། དཔལ་རྩལ་གྱིས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-04





        བོད་ཀྱི་རྟ་དཔྱད་ཡིག་རྙིང་དག་ཏུ་རྟ་ཡི་ཕ་ནི་བྱ་རྒོད་དང་མ་ནི་སྤྲེལ་ཡིན་པར་བརྗོད་ཡོད་ཅིང་། བོད་པ་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རང་ཉིད་ཀྱི་མཆེད་ཁུངས་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ཡིན་པར་དོགས་པ་ཟ་མཁན་ཕལ་ཆེར་མེད། དེ་ལྟར་སྔར་གྱི་ལྷ་སྒྲུང་དང་། དེང་གི་འགྲོ་སྲོལ་གང་ལ་བལྟས་ཀྱང་རྟ་དང་བོད་པ་གཉིས་ནི་ཐོག་མའི་བྱུང་བ་ནས་བཟུང་ཕན་ཚུན་གཉེན་དུ་ཆད་ཅིང་། བར་གྱི་འཕེལ་རིམ་དུ་འགྲོགས་ཤིང་གཤིབ་ནས་ཡོང་ཡོད་པ་དང་། བོད་ཀྱི་དམངས་ཁྲོད་ཀྱི་དགའ་སྐྱོ་དར་རྒུད་ཀྱི་ལས་ཀ་གང་ལའང་རྟ་ནི་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཆགས་ཡོད།
        དེང་འདིར་འཚོ་བ་ཡར་རྒྱས་ཕྱིན་པས་འགྲིམ་འགྲུལ་གྱི་ཡོ་བྱད་སོགས་ལ་འཕྲུལ་རིགས་སྣ་ཚོགས་བྱུང་ནའང་། རྟ་རྒྱུག་དང་རྟ་རྩལ་གྱི་རྣམ་གྲངས་འདི་སྔར་ལས་ཇེ་རྒྱས་སུ་འགྲོ་བ་ལས། ཉམས་དམའ་བཞིན་པའི་རྟགས་གང་ཡང་བྱུང་མེད། ལྷག་པར་དུ་སྔོན་ཆད་ཁྲི་སྐད་གྲགས་ཅེས་རྟ་ཕོ་རེས་སྒོར་ཁྲི་རེ་ཁུག་ན་ངོ་མཚར་དུ་འཛིན་མོད། དེང་སང་ཀུན་གྱིས་བསྟོད་ཡུལ་དུ་གྱུར་བའི་རྒྱུགས་རྟ་སྐད་གྲགས་ཅན་ཞིག་ཡིན་ཕྱིན། ཁྲི་ཕར་ཟད་འབུམ་དང་བྱེ་བའི་གྲངས་ཀྱིས་གཞལ་བཞིན་པ་མིག་མཐོང་ལག་ཟིན་རེད།
        ཐེངས་འདིར་བོད་ཀྱི་རྟ་མཆོག་སྐོར་གྱི་ཚོན་ལྡན་པར་དེབ་ཐོག་མ《གྱི་ལིང་རྟ་བརྒྱ།》ཞེས་པའི་རྩོམ་སྒྲིག་པས་རྒྱུ་ཆ་མཁོ་འདོན་བྱས་པ་བརྒྱུད། ཀན་སུའུ་རྨ་ཆུ་རྫོང་གི་རྟ་རྒྱུགས་འགྲན་སྡུར་གཙོ་བྱས་པའི་མདོ་སྨད་ཕྱོགས་ཀྱི་རྟ་རྒྱུགས་གཞི་རྒྱ་ཆེ་གྲས་ཁག་ཏུ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པའི་རྟ་མཆོག་ཁག་ཅིག་ཆེད་དུ་ངོ་སྤྲོད་བྱ། 
         རྟ་ནག་འདིའི་རྟ་རྒྱུད་ནི་སི་ཁྲོན་ཀིརྟིའི་རྟ་རྒྱུད་ཡིན་ཞིང་། ད་ལྟ་ན་སོ་ལྔ་བ་ཡིན། རྟ་འདི་ད་ལྟ་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་གི་ཉིན་མ་ཡུལ་ཤོག་ཏུ་ཡོད་ལ། སྤྱི་ལོ་2015ལོར་སི་ཁྲོན་གྱི་ཞི་བདེའི་རྟ་རྒྱུགས་འགྲན་སྡུར་གྱི་སྨི་སྟོང་གཉིས་ཀྱི་ཨང་གཉིས་པ་དང་། 2014ཀན་སུའུ་ཡི་རྨ་ཁུག་རྟ་ར་རུ་ཞིང་ཆེན་གསུམ་གྱི་རྟ་རྒྱུགས་འགྲན་སྡུར་ཁྲོད་དུ་སྨི་སྟོང་གསུམ་གྱི་ཨང་གཉིས་པ་སོགས་བླངས་མྱངས། རྟ་ཕོ་འདིའི་བང་ཁ་འདི་ཙམ་གྱིས་ཚིམས་ནས་བསྡད་མེད་པར། 2016ལོར་ཡང་ཞི་བདེའི་རྟ་རྒྱུགས་ཆེན་མོའི་སྨི་སྟོང་གསུམ་གྱི་ཨང་དང་པོ་དང་། རྨ་ཆུ་རྫོང་གི་རྟ་རྒྱུགས་ཆེན་མོའི་སྐབས་སྨི་སྟོང་གསུམ་གྱི་ཨང་དང་པོ་བླངས་པས། སྔར་ལས་ཀྱང་སྙན་གྲགས་རྒྱས་ཤིང་། རྟ་མཆོག་འདི་ལ་དགའ་མོས་བྱེད་མཁན་སྔར་ལས་ཀྱང་ཇེ་མང་དུ་ཕྱིན་འདུག 
         རྨ་ཆུའི་དགའ་ལྡན་རྒོ་སྐྱ་ཞེས་པ་ནི་སྨི་སྟོང་ཡས་མས་ཀྱི་རྒྱུགས་ཐག་ཐུང་ངུའི་བང་མྱུར་ལ་འགྲན་ཟླ་བྲལ་བ་ཞིག་ཡིན། རྟ་མཆོག་འདི་ནི་ཐང་སྐོར་ཕྱུགས་རའི་རྟ་རྒྱུད་ཅིག་ཡིན་ལ། ད་ལྟ་ན་སོ་བཞི་པ་ཡིན། རྟ་མཆོག་འདིས་སྤྱི་ལོ་2015ལོར་རྨ་ཆུའི་རྟ་རྒྱུགས་ཆེན་མོའི་འགྲན་རྩོད་ཆེས་ཆེ་བའི་འགྲན་སྡུར་ཏེ། སྨི་སྟོང་གི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པས་སྐབས་དེར་ཡུལ་ཕྱོགས་སོ་སོར་སྙན་པའི་གྲགས་པ་ཁྱབ་ཡོད་པ་རེད། 
        ཐོར་ནག་འཕུར་ཤེས་ཅེས་པའི་རྟ་འདི་ནི་དངོས་གནས་འཕུར་ཤེས་པའི་བྱ་ཞིག་དང་འདྲ་བར་རྟ་རྒྱུགས་ཆེ་ཆུང་དུ་མར་ཨང་དང་པོ་བླངས་པ་གྲངས་མེད་ཅིང་། སྤྱི་ལོ་2015ལོར་རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་སུ་སྨི་སྟོང་གསུམ་གྱི་ཨང་དང་པོ་དང་། སྤྱི་ལོ་2014ལོར་རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་སྨི་སྟོང་གཉིས་ཀྱི་ཨང་གཉིས་པ་སོགས་གྲུབ་འབྲས་ལེགས་པོ་ལེན་མྱངས། རྟ་མཆོག་འདི་ནི་ད་ལྟ་ན་སོ་ལྔ་པ་ཡིན་ལ་རྟ་རྒྱུད་ནི་མིང་དུ་གྲགས་པའི་པཎ་ཆེན་རྟ་རྒྱུད་ཀྱི་རྟ་ཞིག་ཡིན། ད་ལྟ་སི་ཁྲོན་ཀིརྟི་རུ་ཡོད། 
        2016ལོའི་རྟ་རྒྱུགས་སུ་ཀན་སུའུ་བསང་ཆུ་རྫོང་གི་རྟ་མཆོག་གྱི་ལིང་གཤོག་ཐོགས་ཞེས་པའི་རྟ་མཆོག་ཅིག་མིང་དུ་གྲགས་ཡོད། རྟ་མཆོག་འདིས་ཉེ་སྔོན་མཇུག་སྒྲིལ་བའི་རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་ད་ལྟ་བོད་ཡུལ་གྱི་བྱ་དགའ་ཆེས་ཆེ་ཤོས་སྟེ་སྨི་ཁྲི་ཡི་ཨང་དང་པོ་བླངས་ཤིང་། བྱ་དགའི་དངུལ་འབུམ་གཉིས་ཐོབ་ཡོད་པ་ཡིན། རྟ་མཆོག་འདི་ནི་ད་ལོ་ན་སོ་དགུ་པ་ཡིན་ཞིང་སྤྱི་ལོ་2015ལོར་རྨ་ཆུའི་རྟ་རྒྱུགས་སྐབས་སུ་སྨི་སྟོང་ལྔ་ཡི་ཨང་གསུམ་པ་དང་། 2014ལོར་རྨ་ཆུའི་རྟ་རྒྱུགས་ཀྱི་སྨི་ཁྲི་ཡི་ཨང་བཞི་པ་སོགས་གྲུབ་འབྲས་ལེགས་པོ་མང་པོ་བླངས་ཡོད། 
         སི་ཁྲོན་ཁྲི་འཇངས་ཞེས་པའི་མིང་འདི་ཇི་ལྟར་ཐོགས་པའི་ཐད་ལ《གྱི་ལིང་རྟ་བརྒྱ།》ཡིས་ངོ་སྤྲད་པ་ལྟར། སྔོན་ཆད་རྟ་མཆོག་འདི་མིང་དུ་གྲགས་ཤིང་ཀུན་གྱིས་ཉོ་འདོད་ཀྱི་འཕྲོག་རྩོད་བྱས་ཤིང་། རིན་གོང་ཡང་ལྡབ་མང་པོ་འཕར་བས་སྒོར་ཁྲི་མང་པོ་ཆུ་འཇངས་བ་ལྟར་བྱས་སོང་ཞེས་ཀུན་གྱིས་ཁྲི་འཇངས་ཞེས་བཏགས་པ་རེད་ཟེར། ཁྲི་འཇངས་ནི་ཆོས་རྗེ་མའི་རྟ་རྒྱུད་ཡིན་ཞིང་། སྤྱི་ལོ་2015ལོར་རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་སྨི་སྟོང་གསུམ་གྱི་ཨང་བཞི་པ་དང་། མཛོད་དགེ་རྫོང་གི་རྟ་རྒྱུགས་སྐབས་སྨི་སྟོང་གཉིས་ཀྱི་ཨང་གཉིས་པ་སོགས་བླངས་མྱོང་།
        སོག་ཚང་མ་ལུའི་རྟ་རྒྱུད་དུ་སྐྱེས་པའི་རྟ་མཆོག་རྐྱང་དམར་ཞེས་པ་འདི་ད་ལྟ་ན་སོ་དྲུག་པ་ལས་མིན་པས་རྟ་མཆོག་འདིའི་གྲུབ་འབྲས་ནི་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་ཡིན་དེ། སྤྱི་ལོ་2015ལོར་རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་སུ་སྨི་སྟོང་ལྔའི་ཨང་དང་པོ་བླངས་པ་དང་། སྤྱི་ལོ་2014ལོར་སོག་རྫོང་གི་རྟ་རྒྱུགས་ཆེན་མོའི་སྐབས་སྨི་སྟོང་ལྔའི་ཨང་གཉིས་པ་བླངས་ཡོད། ད་ལོའང་རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་སྨི་སྟོང་ལྔ་ཡི་ཨང་གཉིས་པ་བླངས། 
        ཤྭ་སྐྱ་ནི་རྨ་ཁུག་རྟ་རྒྱུད་ཀྱི་རྟ་མཆོག་ཅིག་ཡིན་ལ། ད་ལོ་ན་སོ་དྲུག་པ་ཡིན། རྟ་མཆོག་འདིའི་ཁྱད་ཆོས་ནི་སྨི་སྟོང་གཉིས་དང་སྟོང་གསུམ་གི་འགྲན་སྡུར་ཁྲོད་འབུར་དུ་ཐོན་ཡོད་ཅིང་། སྤྱི་ལོ་2014ལོར་རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་སྨི་སྟོང་གཉིས་ཀྱི་ཨང་གསུམ་པ་དང་། 2015ལོར་མཛོད་དགེ་རྫོང་གི་རྟ་རྒྱུགས་ཀྱི་སྨི་སྟོང་གཉིས་ཀྱི་ཨང་གསུམ་པ་བཅས་བླངས་མྱངས་ལ། ད་ལོ་ཡང་ཞི་བདེའི་རྟ་རྒྱུགས་ཆེན་མོའི་སྐབས་སུ་སྨི་སྟོང་གཉིས་ཀྱི་ཨང་དང་པོ་བླངས་པས་སྙན་གྲགས་གང་སར་ཁྱབ་ཡོད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1