༄༅།། ཚད་ལས་བརྒལ་བའི་སྐྲ་བཞར་གླ་ཡི་དོན་རྐྱེན་གྱིས་འཛད་སྤྱོད་པའི་ཁེ་དབང་གང་ལ་བཙན་གནོད་བཏང་ཡོད་དམ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-05


【གྱོད་དཔེ།】
        ཉེ་ལམ། ཁྲེན་ཏུའུ་གྲོང་ཁྱེར་གྱི་སློབ་མ་གཉིས་ཐེན་ཧྥོས་ཐང་ཆེན་དུ་སྤྲོ་འཆམ་དུ་འགྲོ་བའི་སྐབས་སུ། ཞལ་རས་ཡག་བཟོ་ཁང་ཞིག་གི་བཀྲམ་དངོས་ཤེལ་སྒྲོམ་གྱི་སྟེང་ན། མགོ་སྐྲ་བཞར་གླ་སྒོར་20དང་བཀྲུས་གླ་སྒོར་38ཞེས་པའི་མཚམས་སྦྱོར་བརྡ་ཁྱབ་འདུག་པ་མཐོང་བས་བློ་སེམས་དེའི་ཕྱོགས་ལ་གཡོས། ཕལ་ཆེར་ཕྱི་དྲོའི་ཆུ་ཚོད་14སྟེང་ཁོང་གཉིས་ཞལ་རས་མཛེས་བཟོ་ཁང་དེའི་ནང་དུ་སོང་ནས་མགོ་སྐྲ་བཞར་བའམ་བཀྲུ་ན་དུས་ཡུན་ག་ཚོད་དགོས་ཚུལ་དྲིས་པ་ན། ཞབས་ཞུ་བས་དུས་ཚོད་གཅིག་ལས་མི་དགོས་ཞེས་བཤད། དེ་བས་ཁོང་གཉིས་ཀྱིས་མགོ་སྐྲ་འཁྲུད་དུ་བཅུག མགོ་སྐྲ་བཀྲུ་ཚར་རྗེས་ཞབས་ཞུ་བས་ཁོང་གཉིས་ཀྱི་མགོ་སྐྲའི་རྒྱུ་སྤུས་མི་བཟང་ཚུལ་དང་དེ་ཇེ་བཟང་དུ་གཏོང་བྱེད་ཀྱི་མཁོ་རྫས་ལ་སྒོར་60ཡིན་ཚུལ་ཞེས་སྣ་ཁ་གསུམ་ཡོད་པའི་འཛད་སྤྱོད་བྱང་བུ་དང་མགོ་སྐྲ་བཞར་བ་ལ་ཆུ་ཚོད་གཅིག་ལས་མི་དགོས་ཚུལ་བཤད་ཀྱང་དོན་གྱིས་ཆུ་ཚོད་བཞི་ལྔ་ཙམ་འགོར་རྗེས་ད་གཟོད་བཞར་ཚར་བ་དང་། མཇུག་ཏུ་རྩིས་རྒྱག་དངུལ་སྤྲོད་བྱེད་སྐབས་དངུལ་ལེན་མི་སྣས་བཤད་རྒྱུར། མི་རེའི་འཛད་གྲོན་སྒོར་6000ཡིན་པ་དང་། བསྡོམས་སྒོར་12000ཡིན་ཞེས་བཤད་བྱུང་བས། ཁོང་གཉིས་ཧ་ལས་ཧོན་ཐོན་བར་གྱུར། སྐབས་དེར་སེམས་བཟང་ཁང་གི་ཚོགས་མིའི་ནང་ཞུགས་པ་མ་ཟད། ཚོགས་མིའི་བྱང་བུའི་ནང་དུ་འཇོག་ཐེངས་གཅིག་གིས་སྒོར་9800བཞག་ན་ཐེངས་དེའི་མགོ་སྐྲ་བཞར་གླ་རིན་གོང་ཇེ་ཉུང་དུ་བཏང་ན་ཆོག་ཚུལ་བཤད། དེ་ནས་ཁོང་གཉིས་ཀྱི་ལག་ན་སྒོར་སུམ་བརྒྱ་ལྷག་མ་གཏོགས་མེད་ཀྱང་དེ་ཕྱོགས་ཀྱི་བསམ་འཆར་དང་ལེན་ཐབས་མེད་བྱུང་སྟེ། སློབ་གྲོགས་ཚོའི་ཕྱོགས་ལ་ཁ་པར་བཏང་ནས་སྒོར་མོ་གཡར་བ་དང་། ག་ས་ག་ལ་གཡར་ནས་སྒོར་9800ཚགས་རྗེས་ད་གཟོད་གནས་དེ་དང་ཁ་བྲལ་ཐུབ་པ་བྱུང་།
        ཕྱིས་སུ་དོན་དག་དེ་མཚམས་སྦྱོར་དངོས་པོ་བརྒྱུད་ནས་སྤྱི་ཚོགས་ཀྱི་སྟེང་ལ་ཁྱབ་རྗེས་ཤན་ཤུགས་ཆེན་པོ་ཐེབས་པ་དང་། ཁྲིམས་འཛིན་སྡེ་ཁག་སོ་སོས་དེ་ལ་མགྱོགས་མྱུར་གྱིས་རྩད་གཅོད་བྱས། དེ་ཡང་ས་གནས་དེ་གའི་དངོས་གོང་ཅུའུ་ཡིས་བརྟག་དཔྱད་བཏང་ནས་ཤེས་གསལ་བྱུང་བ་ལྟར་ན། ཞལ་རས་མཛེས་བཟོ་ཁང་དེ་ལ་གོང་བཀོད་རེའུ་མིག་གི་བྱང་བུ་ཆུང་ཆུང་འགའ་ཡོད་པ་དང་། དེའི་སྟེང་དུ་མགོ་སྐྲ་བཀྲུས་པའི་རིན་གོང་ལས་གཞན་གང་ལའང་རིན་གོང་གསལ་འགོད་བྱས་མ་བྱུང་བས། གནས་དེ་གའི་བཟོ་ཚོང་ཅུའུ་ཡིས་ལས་གཉེར་མཚམས་འཇོག་དགོས་པའི་སྐྱོན་འདོན་བཀའ་ལུང་ཕབ་པ་མ་ཟད། ཞིབ་བཤེར་ལས་ཁུངས་གིས་དེའི་འགན་ཁུར་བ་ལ་བཙན་ཤུགས་ཀྱིས་ཉོ་ཚོང་སྤེལ་བའི་ཉེས་པ་དང་ཁྲལ་གཡོལ་གྱི་ཉེས་པ་དོགས་པ་ཡོད་ཚུལ་མི་དམངས་ཁྲིམས་ཁང་དེའི་འགན་ཁུར་བ་ལ་ལོ་གཅིག་དང་ཟླ་དྲུག་གི་དུས་བཙོན་གྱི་ཐག་བཅད་པ་མ་ཟད་སྒོར་5000གི་ཆད་པ་བཅད།
ཁྲིམས་རྩོད་པའི་དཔྱད་བརྗོད།
        གྱོད་དཔེ་འདི་ནི་བདག་གཉེར་བས་བསམ་གཟས་ནས་འཛད་སྤྱོད་པ་ལ་བསླུ་བྲིད་བྱས་པའི་ཞེ་ལོག་རང་བཞིན་གྱི་གྱོད་དཔེ་ཞིག་རེད། ཞལ་རས་མཛེས་བཟོ་ཁང་འདིས་འཛད་སྤྱོད་པའི་གནས་ཚུལ་དངོས་ཤེས་དབང་དང་རང་ཐག་རང་གཅོད་ཀྱིས་གདམ་ག་རྒྱག་དབང་། ཉོ་ཚོང་དྲང་བཞག་བྱེད་པའི་ཁེ་དབང་བཅས་བཙན་གནོད་བཏང་། ཞལ་རས་མཛེས་བཟོ་ཁང་དེས་གཡོ་ཐབས་སྤྱད་དེ་སློབ་མ་དེ་གཉིས་ལ་ཞབས་ཞུའི་རྣམ་གྲངས་བཙན་གྱིས་དང་ལེན་བྱེད་དུ་བཅུག་པ་ཡིན་པས། ཁོང་གཉིས་ལ་བཏང་ཟིན་པའི་འཛད་སྤྱོད་ཀྱི་ལྷག་སྒོར་ཕྱིར་ལེན་བྱེད་པའི་དབང་ཆ་ཡོད།
《གཞི་འཛིན་བཅའ་ཁྲིམས།》
        འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས། དོན་ཚན་བརྒྱད་པ། འཛད་སྤྱོད་པར་ཉོ་བ་དང་བེད་སྤྱོད་བྱེད་པའི་ཚོང་ཟོག་གམ་ཡང་ན་དང་དུ་ལེན་པའི་ཞབས་ཞུ་བའི་གནས་ཚུལ་དངོས་རྒྱུས་ལོན་བྱུང་བའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།
        འཛད་སྤྱོད་པར་ཚོང་ཟོག་གམ་ཞབས་ཞུའི་གནས་ཚུལ་འདྲ་མིན་གཞིར་བཟུང་ནས་ཚོང་ལས་གཉེར་མཁན་གྱིས་ཚོང་ཟོག་གི་རིན་གོང་དང་ཐོན་ཡུལ། ཐོན་སྐྱེད་བྱེད་མཁན། སྤྱོད་སྒོ། ནུས་པ། ཚད་གཞི། རིམ་པ། གྲུབ་ཆ་གཙོ་བོ། ཐོན་སྐྱེད་བྱེད་པའི་དུས་ཚོད། གོ་ཆོད་པའི་ཡུན་ཚད། ཞིབ་བཤེར་ཚད་ལོན་ལག་ཁྱེར། བེད་སྤྱོད་བྱེད་སྟངས་ཀྱི་གསལ་བཤད་ཡི་གེ བཙོངས་རྗེས་ཀྱི་ཞབས་ཞུ་བྱེད་ཚུལ་ལམ་ཡང་ན་ཞབས་ཞུ་བྱེད་པའི་ནང་དོན་དང་ཚད་གཞི། གླ་ཆ་ལ་སོགས་པའི་འབྲེལ་ཡོད་གནས་ཚུལ་འདོན་སྤྲོད་བྱེད་རེ་ཞུ་བའི་དབང་ཆ་ཡོད།
དོན་ཚན་དགུ་པ།
        འཛད་སྤྱོད་པར་ཚོང་ཟོག་གམ་ཞབས་ཞུ་སོགས་རང་ཐག་རང་གཅོད་ཀྱིས་གདམ་ག་རྒྱག་པའི་དབང་ཆ་ཡོད།
        འཛད་སྤྱོད་པར་ཚོང་ཟོག་དང་ཞབས་ཞུ་འདོན་སྤྲོད་བྱེད་མཁན་དང་། ཚོང་ཟོག་གི་སྣ་ཁ་དང་ཞབས་ཞུ་བྱེད་སྟངས་བཅས་རང་ཐག་རང་གཅོད་ཀྱིས་འདེམས་པ་དང་། ཚོང་ཐོག་གང་དང་གང་ཞིག་ཉོ་བའམ་མི་ཉོ་བ་དང་། ཞབས་ཞུ་གང་དང་གང་ཞིག་དང་ལེན་བྱེད་པའམ་མི་བྱེད་པ་བཅས་རང་ཐག་རང་གཅོད་བྱེད་པའི་དབང་ཆ་ཡོད། འཛད་སྤྱོད་པས་ཚོང་ཟོག་དང་ཞབས་ཞུ་རང་གཅོད་ཀྱིས་གདམ་གསེས་བྱེད་སྐབས། ཞིབ་བསྡུར་བྱེད་པ་དང་། ལེགས་ཉེས་འབྱེད་པ། གདམ་ག་རྒྱག་པ་བཅས་ཀྱི་དབང་ཆ་ཡོད།
དོན་ཚན་བཅུ་པ།
        འཛད་སྤྱོད་པ་ཉོ་ཚོང་དྲང་གཞག་བྱེད་པའི་ཁེ་དབང་ལོངས་སུ་སྤྱོད་དབང་ཡོད། འཛད་སྤྱོད་པས་ཚོང་ཟོག་ཉོ་བ་དང་ཞབས་ཞུ་དང་ལེན་བྱེད་སྐབས་སུ་སྤུས་ཀ་དག་པར་ཁག་ཐེག་བྱས་པ་དང་རིན་གོང་ལུགས་དང་མཐུན་པ། རྒྱ་ཁ་ལོངས་པ་སོགས་ཀྱི་ཉོ་ཚོང་དྲང་གཞག་བྱ་རྒྱུའི་ཆ་རྐྱེན་ཐོབ་པའི་ཁེ་དབང་ཡོད་པ་དང་། ཚོང་གཉེར་བྱེད་མཁན་གྱིས་བཙན་ཤེད་ཀྱིས་ཉོ་ཚོང་བྱེད་པའི་བསམ་སྦྱོར་དང་ལེན་མི་བྱེད་པའི་དབང་ཆའང་ཡོད།
དོན་ཚན་བཅུ་དགུ་པ།
        ཚོང་གཉེར་བྱེད་མཁན་གྱིས་འཛད་སྤྱོད་པར་ཚོང་ཟོག་གམ་ཞབས་ཞུའི་ཐད་ཀྱི་འབྲེལ་ཡོད་ཆ་འཕྲིན་ངོ་མ་འདོན་སྤྲོད་བྱ་དགོས་པ་ལས། མི་རྣམས་ཀྱིས་གོ་བ་ལོག་སྒྲུབ་བྱེད་པའི་དྲིལ་བསྒྲགས་རྫུས་མ་བྱས་མི་ཆོག འཛད་སྤྱོད་པས་ཚོང་ཟོག་གམ་ཞབས་ཞུ་བྱེད་པའི་སྤུས་ཚད་དང་བེད་སྤྱོད་བྱེད་སྟངས་སྐོར་ལ་དྲི་བ་བཏོན་པར་ཚོང་གཉེར་བྱེད་མཁན་གྱིས་དྲིས་ལན་དོན་ལ་གནས་ཤིང་ཁ་གསལ་བ་འདེབས་དགོས། ཚོང་ཁང་གིས་ཚོང་ཟོག་འདོན་སྤྲོད་བྱེད་རིགས་ལ་རིན་གོང་གསལ་པོར་འགོད་དགོས།
དོན་ཚན་ཉི་ཤུ་པ།
        ཚོང་གཉེར་བྱེད་མཁན་གྱིས་རང་གི་མིང་དང་རྟགས་མཚན་ངོ་མ་གསལ་པོར་འགོད་དགོས། མི་གཞན་གྱི་ཚོང་སྒྲོམ་མམ་ལས་གཉེར་བྱ་ཡུལ་བོགས་མར་ལེན་པའི་ཚེ། ཚོང་གཉེར་བྱེད་མཁན་གྱིས་དེའི་མིང་དང་རྟགས་མཚན་ངོ་མ་གསལ་པོར་འགོད་དགོས།
《ཉེས་ཁྲིམས།》
        ཉིས་བརྒྱ་དང་ཉེར་དྲུག་པ། དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་ཚོང་ཟོག་ཧམ་ཉོ་ཧམ་ཚོང་དང་མི་གཞན་དག་ལ་བཙན་ཤེད་ཀྱིས་ཞབས་འདེགས་ཞུ་རུ་བཅུག་པའམ་ཞབས་ཞུ་དང་ལེན་བྱེད་དུ་བཅུག་པའི་བྱས་ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གསུམ་མན་དང་ཡང་ན་གཅིག་པུར་གཅོད་རྒྱུ། །
        2016ལོའི་《ཁ་བཏགས་དཀར་པོ།》དེབ་6པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1