༄༅།། གངས་ལྗོངས་མཆོད་བསྟོད།

ཚེ་དོན། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-16


གངས་རིའི་ཞིང་ལ་འཛུམ་པའི་གསེར་ཞལ་མངོན་འཕགས་ཤིང་། །
ས་འཛིན་ལྟོ་བར་སྤྲོ་བའི་བདེ་འབྱུང་གསལ་བྱེད་པོ། །
རྒྱུ་སྐར་རྒྱལ་པོའི་ཟླ་རུ་འཆར་བའི་ཉི་གཞོན་ཆེ། །
གངས་ལྗོངས་ཉི་མ་གཞོན་ནུའི་འཆར་ཀ་འདི་ཀོ་རྨད། །

རིག་རྩལ་ཀུ་མུད་བཞད་པའི་འདུ་འགོད་ལེགས་རྩེན་ཞིང་། །
ཤེས་བྱའི་མཚོ་མོ་འཕྱུར་བའི་ཡོ་ལང་རབ་རྒྱས་པ། །
ཇུས་བཟང་རྔ་ཆེན་སྒྲོགས་པའི་ཕོ་ཉ་གང་མགྱོགས་དེ། །
གངས་ལྗོངས་ཉི་མ་གཞོན་ནུའི་དགའ་ཚལ་འདི་ཀོ་རྨད། །

རྨ་ཆུ་སྔོན་མོའི་རླབས་སྒྲའི་ང་རོ་མ་ཉམས་ལ། །
རྒྱལ་མོ་རྔུལ་ཆུའི་རྒྱ་སྟག་མཆོངས་སྟབས་མ་ཞུམ་པ། །
ཁམས་རོང་སྐྱེ་དགུའི་མིག་གི་དགའ་སྟོན་ངོ་མཚར་བ། །
གངས་ལྗོངས་ཉི་མ་གཞོན་ནུའི་བཞུད་ལམ་འདི་ཀོ་རྨད། །

སྣ་ཚོགས་གཏམ་གྱི་སྒོ་མོ་གཏན་དུ་ལེགས་འབྱེད་ཅིང་། །
ཡང་དར་རིག་པའི་མུ་ཁྱུད་ནམ་ཞར་མི་ཆད་ཅིང་། །
གངས་ལྗོངས་སྐྱིད་པའི་ཞོ་གསར་གང་ཡང་ལེགས་ཆགས་ནས། །
ཉི་གཞོན་དུས་ཀྱི་ཕོ་ཉ་རྣམ་ཀུན་འཆར་བར་ཤོག །
2017ལོའི་《གངས་ལྗོངས་ཉི་གཞོན།》དེབ་དང་པོ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1