༄༅།། སྒྲོལ་མ་ཉེར་གཅིག་གི་སྨོན་ཤིས།

བསྟན་འཛིན་རྒྱལ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-06


 
བསྟན་འཛིན་རྒྱལ་མཚོ། (རྨ་ལྷོ།)
སངས་རྒྱས་སྒྲོལ་མ།
ཚོགས་གཉིས་མཐར་ཕྱིན་ཐུགས་བསྐྱེད་མཁའ་ལ་རེག།
དཀའ་ཐུབ་སྙིང་སྟོབས་ཡ་ལད་ས་གསུམ་རྒྱལ།།
རྫོགས་པའི་སངས་རྒྱས་གསེར་གྱི་ཉི་མ་མཆོག།
ཕྱི་བཞིན་དམ་འཇུག་སྒྲོལ་མ་བཀྲ་ཤིས་ཤོག།
དཀོན་མཆོག་སྒྲོལ་མ།
འདི་ཕྱིའི་ལོག་མལ་ངེས་ལེགས་གྲོང་ཁྱེར་ཆེ།།
ཕྱོགས་བྲལ་ལག་རྩེར་གཏོད་པའི་བསླུ་མེད་སྐྱབས།།
མཆོག་གསུམ་ནོར་མཆོག་དད་གུས་སྙིང་ཁམས་སུ།།
རྟག་བརྟན་མཆོད་པའི་སྒྲོལ་མ་བཀྲ་ཤིས་ཤོག།
ཆོས་དབྱིངས་སྒྲོལ་མ།
འདི་སྣང་རྨི་ལམ་སྒྱུ་མའི་གར་ལ་རྟོག།
ཟག་མེད་བདེ་སྟོང་ཆོས་དབྱིངས་ཀློང་ན་མྱོས།།
མཁྱེན་བརྩེ་འོད་རླབས་མཁའ་མཉམ་འགྲོ་དྲུག་ལ།།
ཅི་དགར་རྐྱོང་བའི་སྒྲོལ་མ་བཀྲ་ཤིས་ཤོག།

བྱང་ཆུབ་སྒྲོལ་མ།
ངེས་འབྱུང་རྩ་བ་བརྟན་པའི་དད་བརྩོན་མེ།།
བྱང་ཆུབ་ལམ་བཟང་འཚོལ་བའི་ནགས་ལ་སྦར།།
ཐོས་བསམ་ཆུ་གཏེར་ཡངས་པའི་འཇིངས་དབུས་ན།།
ངར་གྱིས་རྐྱལ་བའི་སྒྲོལ་མ་བཀྲ་ཤིས་ཤོག།
རྡོ་རྗེ་སྒྲོལ་མ།
ཡ་རབས་དགེ་བའི་ལས་ལ་དཀར་བའི་སེམས།།
མི་འགྱུར་རྡོ་རྗེ་བྲག་ལ་བརྐོས་པའི་རིས།།
ལག་ལེན་ཐབས་ཀྱིས་འཇལ་བའི་མཛེས་སྡུག་དཔྱིད།།
ཚེ་གཅིག་རྒྱན་བསྣམས་སྒྲོལ་མ་བཀྲ་ཤིས་ཤོག།
རིག་འཛིན་སྒྲོལ་མ།
རིག་འཛིན་རྩལ་ནུས་འབར་བའི་ཕྱག་ཟུང་གིས།།
རྨོངས་པའི་ཐང་སྟོང་འཁྱམས་པའི་གདུལ་བྱ་སྟོང་།།
པང་དུ་གཅེས་པར་བཟུང་བའི་འཕྲིན་ལས་གདུགས།།
གྱེན་དུ་འདེགས་མཁས་སྒྲོལ་མ་བཀྲ་ཤིས་ཤོག།

བསོད་ནམས་སྒྲོལ་མ།
བསོད་ནམས་བྱེ་བ་བསྲུབས་པའི་དལ་རྟེན་ནོར།།
རྣམ་དཀར་རྒྱལ་མཚན་རྩེ་མོའི་དཔལ་དུ་མཆོད།།
ཡུན་ཐུང་མི་ཚེ་གསེར་མདོག་ལམ་བཟང་དུ།།
གོམ་ཁ་སྐྱེན་པའི་སྒྲོལ་མ་བཀྲ་ཤིས་ཤོག།
སྐལ་བཟང་སྒྲོལ་མ།
གཞན་དབང་གཏུམ་པོའི་གདོང་ལ་འགྲམ་ལྕག་གཞུས།།
ཕུགས་བསམ་སྒྲོན་མེ་ལྔ་རིག་གཞུང་ལ་སྦར།།
སྐལ་བཟང་འོད་སྣང་འཚོལ་བའི་བློ་སྤོབས་མཚོ།།
མཁའ་ལ་ལུད་པའི་སྒྲོལ་མ་བཀྲ་ཤིས་ཤོག།
རྣམ་རྒྱལ་སྒྲོལ་མ།
སྲོལ་རྒྱུན་ལྕགས་སྒྲོག་སྦོམ་པོའི་བསྡམས་བཀྱིགས་ལ།།
དམར་འཛིང་རལ་གྲི་གདེངས་པའི་དཔའ་རྩལ་གྱིས།།
རྣམ་རྒྱལ་རང་དབང་ཐོབ་པའི་འཇིགས་མེད་གླུ།།
སྙན་རྒུར་ལྡིར་བའི་སྒྲོལ་མ་བཀྲ་ཤིས་ཤོག།

དབང་ཕྱུག་སྒྲོལ་མ།
ཐབས་ཤེས་ཉི་ཟླ་འབར་བའི་མཐུ་དཔུང་གིས།།
ཆབ་སྲིད་མངའ་ཐང་དར་བའི་ཁྲི་འཕང་ལ།།
དབང་ཕྱུག་སྟོབས་ཀྱིས་སྙེམས་པས་འགྲོ་ཕན་དོན།།
འབའ་ཞིག་གཞོལ་བའི་སྒྲོལ་མ་བཀྲ་ཤིས་ཤོག།
ཚེ་རིང་སྒྲོལ་མ།
གཞན་ཕན་ལྷག་བསམ་ཡངས་པའི་མཁའ་ལམ་ན།།
སྙིང་རྗེ་འོད་སྟོང་འབར་བའི་གཟི་བྱིན་གྱིས།།
ཚེ་རིང་བདུད་རྩི་སྲོག་གི་དགའ་སྟོན་ལ།།
རིས་མེད་སྤྲོ་བའི་སྒྲོལ་མ་བཀྲ་ཤིས་ཤོག།
བདེ་སྐྱིད་སྒྲོལ་མ།
ཁེ་གྲགས་རྙེད་བཀུར་འཇོམས་པའི་དཔའ་ངར་གྱིས།།
ཕ་རོལ་བདེ་སྐྱིད་ཐབས་ལ་འབུངས་པའི་རྒྱུན།།
རྨ་ཀླུང་མཛའ་བོར་སྡེབ་པའི་བརྟུལ་ཞུགས་ཅན།།
མ་ལྟར་བརྩེ་བའི་སྒྲོལ་མ་བཀྲ་ཤིས་ཤོག།

ཚུལ་ཁྲིམས་སྒྲོལ་མ།
ངང་ཚུལ་མི་གཡོ་རབ་བརྟན་ལྕགས་ཀྱི་རི།།
བླང་དོར་དཀར་ནག་མི་འཆོལ་ཁྲིམས་ཀྱིས་མཛེས།།
འཇིག་རྟེན་ཡ་རབས་ལུགས་ལ་མཁས་ཉམས་མཐུ།།
ཅི་ཡང་རྒྱས་པའི་སྒྲོལ་མ་བཀྲ་ཤིས་ཤོག།
དོན་གྲུབ་སྒྲོལ་མ།
ཁ་ཞེ་གཙང་མའི་ཆུ་ཤེལ་མེ་ལོང་དུ།།
ངན་གཡོ་རྫུན་རིས་མི་ཤེས་བསམ་སྤྱོད་དགེ།
རྒྱུན་འཇམ་ཟོ་བཟང་དོན་གྲུབ་སྐལ་བ་སྦོམ།།
མཐོང་སྨོན་ཡིད་འཕྲོག་སྒྲོལ་མ་བཀྲ་ཤིས་ཤོག།
ནམ་མཁའ་སྒྲོལ་མ།
གངས་དཀར་སེམས་རྒྱ་ནམ་མཁའི་མཐོངས་ལ་བརྐྱངས།།
བཟོད་པའི་རྩལ་རྫོགས་འཛུམ་པའི་འོད་ཀྱིས་བཀྲག།
ཁྱད་གསོད་ངན་རྟོག་མི་ཤེས་ཁྲེལ་ཡོད་མིག།
འཛུམ་གྱིས་ཅེར་པའི་སྒྲོལ་མ་བཀྲ་ཤིས་ཤོག།

བྱམས་པ་སྒྲོལ་མ།
དྲེགས་པའི་ངོ་བསྲུང་རབ་སྤངས་དམན་ལ་བརྩེ།།
ལན་དུ་མི་རེ་རང་བདེ་དྲོན་མོའི་དཔྱིད།།
ཕངས་མེད་སྩོལ་པ་བྱམས་པའི་བདག་ཉིད་ཅན།
གཞན་ཕྱིར་རྟག་བྲེལ་སྒྲོལ་མ་བཀྲ་ཤིས་ཤོག།
རིན་ཆེན་སྒྲོལ་མ།
གཡར་བོའི་ལུས་རྟེན་རིན་ཆེན་ལང་ཚོ་གང་།།
དོན་ལྡན་ལས་ལ་བསྔོ་བའི་རྟག་འགྲུས་མཚོན།།
རྣམ་གཡེང་འདྲེ་རྒོད་གདོང་ལ་གདེངས་པའི་དཔའ།།
ཕྱོགས་ལས་རྣམ་རྒྱལ་སྒྲོལ་མ་བཀྲ་ཤིས་ཤོག།
ལྷ་མོ་སྒྲོལ་མ།
ཟླ་བཞིན་མིག་དཀྱུས་ཡངས་པའི་འཛུམ་ཟེར་ལ།།
བིམ་པའི་མཆུ་སྒྲོས་སྒེག་པའི་ལང་ཚོ་རྫོགས།།
ལེགས་བྱས་འབུམ་ལྡན་ལྷ་མོའི་སྐལ་བཟང་ནོར།།
རྒྱན་དུ་ཡོངས་སྨིན་སྒྲོལ་མ་བཀྲ་ཤིས་ཤོག།


དཔལ་ལྡན་སྒྲོལ་མ།
སྐྱོན་བརྒྱད་དྲི་མས་ཡོངས་བཏང་ཟླ་དཀར་གྲོགས།།
མཛངས་མའི་རང་གཤིས་ལྷུན་གྲུབ་ཀུན་ལ་འཇོན།།
ཕུལ་བྱུང་དཔལ་ལྡན་ས་ཡི་ལྷ་མོ་ཞེས།།
སྙན་པ་འཕུར་བའི་སྒྲོལ་མ་བཀྲ་ཤིས་ཤོག།
ཉི་མ་སྒྲོལ་མ།
ཐོས་ནོར་འབུམ་གྱིས་རང་རྒྱུད་གཏེར་དུ་སྒྲུབ།།
ཁེངས་པའི་ཕྲག་དོག་དམན་པའི་ཐོ་བས་གསིལ།།
མཁས་སྙན་ཉི་མ་འབར་བའི་གནམ་འོག་ན།།
ཞི་དུལ་རྒྱུད་འཇམ་སྒྲོལ་མ་བཀྲ་ཤིས་ཤོག།
བཀྲ་ཤིས་སྒྲོལ་མ།
གཞུང་བཟང་རང་གཤིས་དག་པའི་པད་དཀར་ལྗོན།།
བག་ཡོད་མེ་ཏོག་དགོད་པའི་འཛུམ་གྱིས་སྒེག།
མཛངས་སྤྱོད་བསུང་ཞིམ་ལྡང་བའི་ཞགས་པ་ཡིས།།
ཁོར་ཡུག་དམ་བཅིངས་སྒྲོལ་མ་བཀྲ་ཤིས་ཤོག།

                                                                                                     ༢༠༡༦ལོའི《སྦྲང་ཆར། 》དེབ་གསུམ་པ་ལས་བཤུས། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1