༄༅།། གཟི་ཡི་གསང་བ།

ནོར་བུ་བཀྲ་ཤིས་ཀྱིས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-06


ནོར་བུ་བཀྲ་ཤིས་ཀྱིས་བྲིས་ཤིང་པར་མཁོ་འདོན་བྱས།  
  
        ནོར་བུ་བཀྲ་ཤིས་ནི་བོད་ཀྱི་རིན་ཆེན་གཟི་ཡི་ཚོང་གཉེར་པ་གྲགས་ཅན་ཞིག་ཡིན་ལ། གཟི་ཡི་རིག་གནས་ལ་བྱང་ཆ་ལྡན་ཞིང་།  ཁོས་བཤད་ན་རིན་ཆེན་གཟི་ནི་བོད་གངས་ལྗོངས་ནས་ཐོན་ཞིང་། བོད་རིགས་གནའ་རབས་ཀྱི་བཟོ་རིག་པའི་ཁྱད་འཕགས་ཀྱི་རྩལ་ནུས་མཚོན་པར་གྱིས་ཡོད་ལ། ལྷག་པར་འཛམ་གླིང་གི་ཉར་ཚགས་པ་དང་མི་ཆེན་དག་གི་འགྲམ་ཆུ་ཤོར་སའི་གངས་ལྗོངས་ཀྱི་ནོར་བུ་ཞིག་ཡིན་ཟེར།   
        ཁོང་གིས་རིན་ཆེན་གཟི་ཡི་ཚོང་ལས་དང་འབྲེལ་ནས་གཟི་ལ་དོ་སྣང་ཡོད་མཁན་རྒྱལ་ཕྱི་ནང་གི་མི་སྣ་དང་། བོད་མི་མང་ཚོགས། ཚོང་པ་རྣམས་ལ་གཟི་ཡི་ལོ་རྒྱུས་དང་། གཟི་ཡི་བྱུང་རིམ། གཟི་ཡི་ནུས་པ་གཉན་པོ། གཟི་ཡི་རྒྱུ་སྤུས་བརྟག་ཐབས། གཟི་བེད་སྤྱོད་བྱེད་སྟངས། མ་འོངས་པར་བོད་གངས་རིའི་ལྗོངས་སུ་རིན་ཆེན་གཟི་ཇི་སྲིད་བར་དུ་གནས་ཐབས། ད་དུང་གཟི་ཡི་གོང་ཚད་གཞལ་སྟངས་སོགས་རིན་ཆེན་གཟི་ཡི་ཤེས་བྱ་གལ་ཆེན་ཁག་མཁོ་སྤྲོད་བྱེད་བཞིན་ཡོད།  ཕ་ཡུལ་ནས་ཆས་པས་ཕ་ཡུལ་ལ་དུངས་ཤིང་ཕ་ཡུལ་བརྩེ། འབྲོག་ཁུལ་ནས་ཆས་པས་མཐོ་སྒང་ལ་དུངས་ཤིང་རིགས་མཐུན་ལ་གཅེས།  ཁོས་ཕ་ཡུལ་གྱི་ཤེས་རིག་སློབ་གསོ་དང་། སྨན་བཅོས་དམངས་ཚིས། རྟེན་བཞེངས་དགེ་བསྒྲུབ། དབུལ་སྐྱོབ་ལས་གཞི་སོགས་ལ་གཏོང་ཕོད་ཀྱི་སྒོ་འཕར་ཡངས་པོར་ཡོད་པ་དེ་ཡང་སྤྱན་རས་གཟིགས་དབང་གི་བྱམས་སྙིང་རྗེའི་དངོས་གྲུབ་ཐོབ་པ་ལྟ་བུའི་གཏོང་ཕོད་དང་སྙིང་རྗེ་ལ་ཀུན་གྱི་ཡི་རངས་བྱེད་བཞིན་ཡོད་དོ།།
རིན་པོ་ཆེ་གཟི་ཡི་སྐོར་རགས་ཙམ་བཤད་པ།  
         བཟོ་རིག་པའི་སྲོལ་འབྱེད་ལ་གུས་འདུད་ཞུ།  སྲོལ་རྒྱུན་གྱི་འགྲེལ་སྟངས་ལྟར་ན་གནམ་ནས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་རེད། སྤྱིར་བཏང་གཟི་ཞེས་པའི་ཐ་སྙད་འདིས་དྲང་པོ་དྲང་གཞག་དང་གཟི་བྱིན་མཚོན་པ་ཡིན་ལ། ཡིད་བཞིན་ནོར་བུ་དང་དགོས་འདོད་ཀུན་འབྱུང་། ནོར་བུ་རིན་ཆེན་སོགས་མིང་གཞན་ཡང་ཡོད་པ་ཡིན། གཟི་ཞེས་པ་འདི་ནི་ཆེས་གདོད་མའི་དུས་རབས་ཀྱི་མུ་ཏིག་གམ་རྒྱན་ཆས་སྒྱུ་རྩལ་ཐོན་རྫས་ཤིག་ཡིན་པ་དང་གནའ་བོའི་མུ་ཏིག་སྒྱུ་རྩལ་ཡོངས་ཀྱི་གཙུག་ཕུད་ལྟ་བུ་ཡང་ཡིན་པ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་དང་བོད་མི་རིགས་ཀྱི་སེམས་ཁམས་སུ་གཟི་དེ་ནི་དངོས་པོ་གང་གིས་ཀྱང་འགྲན་དུ་མི་ནུས་ཤིང་ཚབ་ཏུ་མི་འོང་བའི་རིན་པོ་ཆེ་རྣལ་མ་ཞིག་རེད། དེའི་ཕྱིར་མི་སུ་ཞིག་གིས་གཟི་ཞིག་རྙེད་པ་ཡིན་ན་དེས་མེས་པོ་གོང་མ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་གི་རིང་རྒྱུད་འཛིན་བྱས་ཏེ་འོང་བའི་རིག་གནས་ཀྱི་གཟིགས་སྐྱོང་བླ་ན་མེད་པ་ཐོབ་པ་ཡིན་ལ་རང་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་མངའ་དབང་འབྱོར་བའི་རྟགས་གསལ་པོ་བསྟན་པའང་ཡིན། དེ་ཡང་དེ་ནི་ཆེས་ཕུལ་བྱུང་གི་སྒྱུ་རྩལ་ཐོན་རྫས་རེད་ལ་འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་མཚོན་རྟགས་ཀྱང་རེད། འོ་ན་མི་རྣམས་ཀྱིས་འདི་ལྟར་གཙིགས་ཆེན་དུ་བཟུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ཡང་སྙིང་རང་བྱུང་ཞིག་རེད་དམ། ཡང་ན་མི་རྣམས་ཀྱིས་ལས་སྣོན་བྱས་པ་རེད། དེ་ཅིའི་ཕྱིར་དེ་འདྲ་རྩ་ཆེན་ཞིག་རེད། དེའི་རྒྱུ་ཆའམ་གྲུབ་ཆ་ཅི་ཞིག་རེད། དེ་བཟོ་སྐྲུན་གྱི་བརྒྱུད་རིམ་ཅི་འདྲ་རེད། དེ་བྱུང་ནས་ལོ་ག་ཚོད་འདས་ཡོད་པ་རེད་ཟེར་ན།     གཟི་ཞེས་པ་འདི་ནི་མ་མཐར་ཡང་ལོ་སུམ་སྟོང་ཡན་ཞང་ཞུང་སྐབས་ཀྱི་ཤུལ་བཞག་དངོས་པོ་ཞིག་ཡིན་པས་དེའི་འབྱུང་ཁུངས་འཚོལ་ཞིབ་བྱེད་དགོས་ན་དཀའ་ཁག་ངེས་ཅན་ཞིག་འདུག གང་ལགས་ཤེ་ན། བོད་ཀྱི་ཡུལ་གྲུ་འདིར་དུས་རབས་བརྒྱད་པའི་ཡར་སྔོན་དུ་བོན་ཆོས་ཀྱིས་དབང་བསྒྱུར་ནས་ཡོད་པའམ་བོན་ཆོས་དེ་དབང་སྒྱུར་གོ་གནས་སུ་ཡོད་པ་རེད། འོན་ཀྱང་དུས་ཕྱིས་ལོ་རྒྱུས་དང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དུས་རབས་བརྒྱད་པའི་དུས་མཇུག་ཏུ་བོན་ཉམས་རྒུད་དུ་གྱུར་ཏེ་རིག་གནས་རྒྱུད་འཛིན་དང་ཡིག་ཚང་རྩ་ཆེན་ལ་བརྡབ་གསིག་ཚབས་ཆེན་ཐེབས་པས་ད་ལྟ་སྐབས་དེ་དུས་ཀྱི་ཡིག་ཚང་སོགས་དཔྱད་གཞིའི་རྒྱུ་ཆ་འཚོལ་དགོས་ན་ཧ་ཅང་དཀའ་མོ་རེད། དེ་མིན་སྤྱི་ལོ་2014ལོའི་ཡར་སྔོན་དུ་གནའ་རྫས་རྟོག་ཞིབ་པ་དེ་ཚོས་ཀྱང་བདེན་པ་ར་སྤྲོད་ཐུབ་པའི་གྲུབ་འབྲས་ཤིག་མ་རྙེད་པ་རེད། འོན་ཀྱང་ཅུང་ཟད་དགའ་འོས་པ་ཞིག་ནི་ཉེ་ཆར་བོད་ཀྱི་རིག་གནས་ཞིབ་འཇུག་གི་བྱ་གཞག་བསྐྱར་དར་བྱུང་འགོ་བརྩམས་རྗེས་ཆེད་ལས་མཁས་པ་རྣམས་ཀྱིས་ཕྱོགས་གཅིག་ནས་གནའ་བོའི་ཡིག་ཆ་འཚོལ་སྡུད་བྱས་ཏེ་དཔེ་ཀློག་ནན་མོ་བྱེད་པ་དང་། ཡང་ཕྱོགས་གཅིག་ནས་གནའ་རྫས་རྟོག་ཞིབ་བྱས་ཏེ་བདེན་དཔང་འཚོལ་བཞིན་ཡོད་པ་རེད།   གནའ་བོའི་རྒྱལ་ཁབ་ཞང་ཞུང་ཞེས་པ་དེ་ནི་ལོ་ངོ་སུམ་སྟོང་བརྒྱད་བརྒྱ་ཡར་སྔོན་གྱི་སྤྱི་ལོ་དུས་རབས་བདུན་པའི་སྐབས་ཀྱི་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་དེའི་མངའ་ཁོངས་ཀྱི་ལྟེ་གནས་ནི་ད་ལྟའི་བོད་ལྗོངས་མངའ་རིས་ས་ཁུལ་རེད། འོན་ཏེ་རྒྱལ་ཁབ་དེ་དར་ཞིང་རྒྱས་པའི་སྐབས་སུ་ནུབ་པར་སིག་དང་བྱང་ཧི་ཐོན་ནམ་ལི་ཡུལ། ལྷོ་རྒྱ་གར་གྱི་ས་ཁུལ་ཁ་ཤས། ཤར་ཨ་མདོ་དང་ཁམས་སོགས་ཡ་གླིང་དཀྱིལ་མ་དང་བོད་ཁུལ་ཡོངས་དེ་ཐོད་བརྒལ་བྱས་ཡོད་ཅིང་། ཆོས་ནི་གདོད་མའི་བོན་ཆོས་སྒྲུབ་སྤེལ་བྱེད་པ་རེད།


         དེ་ཡང་བོན་གྱི་ཆོས་གཞུང་གཙོ་བོ་ཀླུ་འབུམ་དཀར་ནག་ཁྲ་གསུམ་དུ་བཀོད་པའི་ལྷ་འབོད་ཀླུ་འབོད་ཀྱི་གནས་ཚུལ་དཔེ་རུ་དྲངས་ན། ཉི་འབོད་དང་ཟླ་འབོད། སྐར་འབོད། འཇའ་འབོད། རླུང་འབོད། སྤྲིན་འབོད། ས་འབོད། ཁ་འབོད། མཚོ་འབོད། བྲག་འབོད། ཤིང་འབོད། ཆུ་འབོད། རྡོ་འབོད་སོགས་གནམ་ས་གཉིས་ཀྱི་ཁོངས་སུ་གཏོགས་པའི་ལྷ་འབོད་ཀླུ་འབོད་འདི་དག་གིས་གཙོ་བོ་གནམ་གཤིས་དྭངས་གནག དྲོ་གྲང་། ཁ་བ་དག་ཆར་པ། རླུང་དང་སྤྲིན། གློག་འགྱུ་བ་སོགས་རང་བྱུང་ཆེན་པོའི་སྣང་ཚུལ་ཡོངས་རྫོགས་དོ་དམ་བྱེད་ཅིང་ཡོད་པ་རེད། དེའི་སྟེང་གི་གཟུགས་རིས་དེ་དག་ནི་ལྷ་འབོད་ཀླུ་འབོད་ལ་བཅངས་བའི་དད་གུས་དང་སྨོན་འདུན་མཚོན་བྱེད་རེད། དཔེར་ན་རྟགས་ཟླུམ་པོ་འདི་Oཉི་འབོད་ཡིན་ལ། གྲུ་བཞི་□ས་འབོད་རེད། ཟླ་ཕྱེད་རྟགས་འདིས ☽  ཟླ་འབོད་མཚོན། སྐད་གྲགས་ཆེ་བའི་རྟགས 卍 འདི་ནི་གཡུང་དྲུང་གི་རྟགས་ཡིན་ལ་རྟག་བརྟན་འགྱུར་མེད་ཀྱི་སྙིང་རྗེ་མཚོན་པ་རེད། ད་དུང་ཆུ་ཡི་གཉེར་མ་དང་འཇའ་ཚོན་གྱི་གཟུགས། སྐར་མ་དང་གངས་རི་སོགས་གཟུགས་རིས་འདྲ་མིན་སྣ་ཚོགས་ཡོད་དོ།། བོན་གྱི་ཆོས་གཞུང་དུ་ད་དུང་གནམ་གྱི་གྲུབ་ཚུལ་དང་མིའི་འབྱུང་ཁུངས། གནམ་རིག་སྐར་རྩིས་དང་མོ། སྨན་བཅོས་བདེ་སྲུང་སོགས་ཤེས་བྱ་མང་པོ་བསྟན་ཡོད། འདི་དག་གིས་གནའ་བོའི་མི་རྣམས་ཀྱི་བག་ལྷོད་ཀྱི་ཆོས་ལུགས་བསམ་བློ་དེས་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་སུ་སྙིང་དོན་གལ་ཆེན་ལྡན་པའི་ནུས་པ་བྱུང་ཡོད་པ་ར་སྤྲོད་གསལ་པོ་བྱས་འདུག   ཆེད་མཁས་མི་སྣ་དག་གིས་ཕྱོགས་གཅིག་ནས་བཟོ་རིག་སྐོར་གྱི་ཡིག་རྙིང་ཁག་ཏུ་གཟིའི་བཟོ་རྩལ་གྱི་དཔྱད་གཞི་ཁ་ཤས་གསར་རྙེད་བྱུང་ཡོད་པ་འདི་ལྟ་སྟེ། མིང་ཅི་ཡིན་མ་ཤེས་ཀྱང་བདེན་དཔང་ཕེར་བའི་གཏེར་རྡོ་ཕྱེ་སུམ་ཆ་གཉིས་དང་སོལ་ཕྱེ་སུམ་ཆ་གཅིག་གི་ཚད་ཅིག་མཉམ་དུ་བསྲེས་ཏེ་སྣོད་ཀྱི་ནང་དུ་བླུགས་ནས་ཆུ་ཚན་གྱིས་སྐོལ་བར་བྱེད་ཅིང་། ཁོལ་ཟིན་རྗེས་ཕར་བླངས་ཏེ་གྲང་བསིལ་དུ་གཏོང་། དེ་འདྲ་ཐེངས་བདུན་བྱེད། དེ་ནས་འཁྱགས་ཟིན་པའི་དངོས་པོ་དེའི་སུམ་ཆ་གཅིག་དང་ཆུ་ཤེལ་སུམ་ཆ་གཉིས་མཉམ་དུ་སྲེ། དེའི་ནང་དུ་དེབ་འདག་དང་བ་སྤུའི་རྩུབ་རེག དཀར་རྩིའི་གཏེར། འབུ་སྦྲང་སོགས་མང་ཉུང་གྲངས་སྙོམས་པ་བླུགས་ཏེ་ར་ལུག་གི་རིལ་མས་ཁེངས་པའི་ས་དོང་ཞིག་ཏུ་བཅུག་སྟེ་སྐོལ་བར་བྱེད། དྲོད་ཚད་ནི་དུ་བ་ཆུང་ངུ་འཕྱུར་བའི་ཚད་ཙམ་བྱེད། དེ་འདྲ་ཉིན་གསུམ་གྱི་རིང་བསྐོལ་རྗེས་ཡར་བླངས་ཏེ་སླར་ཡང་གྲང་བསིལ་དུ་བཏང་རྗེས་གཟིའི་མ་ཁོག་འགྲུབ་པ་ཡིན། དེ་ནས་དཀར་རྩིའི་གཏེར་གྱི་ཁྲོད་ནས་དཀར་གཏེར་དང་ནག་གཏེར་སྤྱད་དེ་གཟིའི་ཁ་དོག་དཀར་པོ་དང་ནག་པོའོ་ཚོན་རྟ་བྱེད། སྐབས་འདིར་དགོས་མཁོ་ལྟར་དམིགས་བསལ་གྱི་རྩི་ཤིང་དང་གཏེར་རྡོ་གཞན་གྱིས་ཚོན་རྟ་བྱེད་པའང་ཡོད། 



            དེ་ཡང་ཐོག་མར་གཟིའི་གཟུགས་བྱད་དམ་ཕུང་པོ་དེ་ནག་པོའམ་དཀར་པོ་བྱེད་པ་དང་དེ་ནས་གཟུགས་རིས་སམ་མཚོན་རྟགས་ཕབ་སྟེ་རང་བཞིན་གྱི་ཐིམ་དུ་འཇུག   མཇུག་མཐར་ཆོས་ལུགས་ཀྱི་ཆོ་ག་བསྒྲུབས་ཏེ་གཟོད་མཚན་ཉིད་དང་ལྡན་པའི་གཟི་ཞེས་པ་འདི་ལེགས་འགྲུབ་ཡོང་བ་ཡིན། གཟི་བཟོ་སྐྲུན་ནམ་ལས་མཁན་ལ་འཛོམས་དགོས་པའི་ཆ་རྐྱེན་ཡང་ཧ་ཅང་གཟབ་ནན་ཡིན་ཏེ། ཐོག་མ་ངེས་པར་དུ་སྐྱེས་ཆེན་དམ་པ་ཞིག་ཡིན་དགོས་པ་དང་བཟོ་སྐྲུན་གྱི་བརྒྱུད་རིམ་དེ་ངེས་པར་དུ་གསང་དགོས། ཡིན་ན་ཡང་དུས་ཕྱིས་ཞང་ཞུང་དཔལ་ཡོན་ཉམས་དམས་སུ་སོང་བ་དང་ཆབས་ཅིག་འདི་འདྲ་ལས་རིམ་མང་ལ་དཀའ་ཚེགས་དང་གསང་རྒྱ་ཧ་ཅང་ཆེ་བའི་བཟོ་རྩལ་དེ་རིམ་བཞིན་ཉམས་ཏེ་མིང་གི་ལྷག་མ་ཙམ་དུ་གྱུར། དུས་དེ་ནས་བཟུང་རྗེས་བྱུང་གི་མི་རྣམས་ཀྱིས་ཚད་ལྡན་སྤུས་བཟང་གི་གཟི་ཞིག་གཏན་ནས་ལས་མ་ཤེས་པ་རེད་ལ། དུས་ཀྱི་འཕོ་འགྱུར་དང་བརྒལ་ཡུན་ཧ་ཅང་རིང་བ་དང་བོན་གྱི་བསྟན་པ་ཉམས་རྒུད་ཚབས་ཆེན་བྱུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་སྐབས་དེ་དུས་ཀྱི་ལོ་རྒྱུས་དཔྱད་གཞི་ཧ་ལམ་རྩ་མེད་ཤུལ་མེད་དུ་སོང་གཤིས་ད་ལྟ་མུ་མཐུད་ནས་ཞིབ་འཇུག་བྱེད་ན་མ་གཏོགས་ད་ལྟ་གཟིའི་བཟོ་རྩལ་གྱི་བརྒྱུད་རིམ་གསལ་ཆ་ཡོད་པ་བསྙོན་དུ་མི་བཏུབ་པ་འདི་རེད་ཅེས་ངོས་འཛིན་བྱེད་དགོས་ན་ཧ་ཅང་དཀའ་བར་འདུག      དེ་མིན་གཟི་བཟོ་སྐྲུན་བྱེད་སྟངས་སམ་བཟོ་རྩལ་གཞན་ཞིག་ཡོད་པ་ནི་འདི་ལྟར་ཡིན་ཏེ། བོད་ཡུལ་ཁོ་ནར་མ་གཏོགས་མེད་པའི་གཏེར་རྡོ་ཞིག་ཐད་ཀར་བརྡར་བ་དང་དེ་ལ་དཀར་རྩིའི་གཏེར་གྱི་དཀར་གཏེར་དང་ནག་གཏེར། ཡང་ན་དམིགས་བསལ་གྱི་རྩི་ཤིང་བྱུག་སྟེ་དཀར་པོ་དང་ནག་པོ་ཐོན་པར་བྱེད་ཅིང་། བག་ཉལ་རྩི་ཤིང་དང་ལྷང་སྐྱུར་སོགས་སྤྱད་དེ་རི་མོའམ་གཟུགས་རིས་དོད་དུ་འཇུག  དེ་ནས་མེར་སྲེག་བཙོ་སྦྱང་དག་འཁྱགས་སྐམ་སོགས་གོ་རིམ་བརྒྱུད་མཐར་ལེགས་པར་འགྲུབ་པ་ཡིན། དེ་ཡང་ས་མཚམས་ས་ཁུལ་གྱི་ཉོ་ཚོང་འབྲེལ་བའི་ཁྲོད་འདི་འདྲ་སྦྱར་བཟོས་ལག་རྩལ་ཅུང་ཟད་ལས་སླ་མོ་ཡིན་ཞིང་། ཡ་གླིང་དཀྱིལ་མའི་ས་ཁུལ་གྱི་མི་རྣམས་ཀྱིས་ས་གནས་དེ་གའི་ཐོན་ཁྱབ་ཆེ་བའི་མ་ན་ཧོ་དེས་རྒྱུ་ཆ་གཙོ་བོ་བྱེད་པ་དང་། སྦྱར་བཟོ་བྱེད་ཐབས་ཁ་ཤས་བེད་སྤྱོད་བཏང་སྟེ་མ་ན་ཧོ་འབོར་ཆེན་བཟོ་སྐྲུན་བྱེད་ལ། བྱས་ཟིན་པའི་མ་ན་ཧོ་དེ་དག་དངུལ་ལོར་བྱས་ཏེ་ཉོ་ཚོང་གི་ཁྱབ་ཁོངས་སུ་བེད་སྤྱོད་གཏོང་བ་རེད། པ་ཀི་སི་ཐན་དང་ཨ་ཧྥོས་ཧན་ནམ་ཨོ་རྒྱན་ཡུལ་སོགས་སུ་དུས་ད་ལྟ་ཡང་བཟོ་སྐྲུན་བྱེད་བཞིན་ཡོད་པ་རེད།      ཡང་ཕྱོགས་གཞན་ཞིག་ནི་ཉེ་ཆར་གནའ་རྫས་རྟོག་ཞིབ་པས་གནས་ཚུལ་ཆེས་གསར་པ་ཁ་ཤས་གསལ་རྟོགས་བྱུང་ལ་མཁོ་སྤྲོད་ཀྱང་བྱས་ཡོད་དེ། ཁོ་ཚོས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཆུ་ངོགས་ནས་ཞང་ཞུང་སྐབས་ཀྱི་དུར་སའམ་བང་སོ་ཞིག་རྙེད་པ་དང་། དུར་ས་དེ་ནས་ས་ཡི་བང་རིམ་གསལ་ཞིང་ལོ་ཚིགས་གང་ཡིན་ཡང་མངོན་གསལ་དོད་པའི་ཆེས་གདོད་མའི་གཟི་ཞིག་རྙེད་ཡོད། དེ་ནི་མཚོ་བོད་མཐོ་སྒང་གི་ས་འོག་ནས་ཆེས་ཐོག་མར་བཏོན་པའི་གཟི་དེ་རེད། དེ་ནི་བོད་ལྗོངས་ས་ཁུལ་གྱི་གཟི་དུས་ནམ་ཙམ་ལ་བྱུང་མིན་དང་དབྱིབས་དང་བེད་སྤྱོད་བྱེད་སྟངས་ཅི་འདྲ་ཡིན་མིན་སོགས་ཀྱི་གནས་ཚུལ་བརྟག་ཞིབ་བྱེད་པར་མེད་ཐབས་མེད་པའི་ཆེས་གལ་ཆེན་གྱི་དཔྱད་གཞིར་གྱུར་ཡོད། གནས་ཚུལ་དེས་གཟི་ཞེས་པ་འདི་གནའ་བོའི་ཞང་ཞུང་གི་སྐབས་སུ་བྱུང་བ་དང་། སྐབས་དེར་དར་ཁྱབ་ཆེ་བའི་གནས་ཚུལ་ལམ་ལོ་རྒྱུས་ར་སྤྲོད་བྱས་ཡོད་པ་རེད། གཞན་ཡང་ལོ་དེར་ཤིན་ཅང་སྟེ་ལི་ཡུལ་ཅེ་ཨིར་ཅན་ཁ་ལ་ཞེས་པའི་ས་ཆའི་དུར་ས་ཞིག་ཏུ་གཟི་བདུན་དང་སྦྱར་བཟོས་གཡུ་དམར་བཞི་བཅུ་ཞེ་བཞི་གསར་རྙེད་བྱུང་བ་དང་ཞིབ་འཇུག་མི་སྣས་གཟི་དེ་དག་གི་བཟོ་རྩལ་ཁྱད་ཆོས་དང་རྒྱུ་ཆ་སྤྱད་ཚུལ་ཇི་བཞིན་གསལ་འབྲི་བྱེད་ཐུབ་ཡོད། གྲུབ་འབྲས་འདི་དག་གིས་གཟི་ཞེས་པའི་རིན་པོ་ཆེ་འདི་ལ་མ་མཐར་ཡང་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད་ཅེས་པའི་སྡོམ་ཚིག་དེ་ཁུངས་ལྡན་ཡིན་པ་ར་སྤྲོད་བྱས།   ཕྱི་རྒྱལ་གྱིས་ཉེ་བའི་དུས་རབས་གཅིག་གི་རིང་རིག་གཞུང་ཞིབ་འཇུག་བྱས་པའི་འབྲས་བུ་འདི་ལྟར་ཡིན་ཏེ། གཟི་ཞེས་པ་འདི་ནི་བོད་ཀྱིས་རིན་པོ་ཆེ་རྩ་ཆེན་ཞིག་ལ་བཏགས་པའི་མིང་ཡིན་ལ། དེ་ནི་བོད་ཀྱི་ས་ཆ་ནས་བྱུང་བའི་མ་ན་ཧོ་དང་འདྲ་བའི་སྦྱར་བཟོས་ལག་རྩལ་དམིགས་བསལ་བའི་ཐོན་རྫས་ཤིག་རེད་ལ། གནའ་དུས་ཀྱི་རིན་པོ་ཆེ་ཞིག་ཀྱང་རེད། ཧི་མ་ལ་ཡའི་རི་རྒྱུད་ནས་བྱུང་བའི་མ་ན་ཧོ་དང་གཟི་གཉིས་གཏན་ནས་མི་འདྲ། གཟི་ཡི་བཟོ་རྩལ་ནི་ད་ལྟ་ཉམས་ཟིན་ལ་སྦྱར་བཟོའི་སྒྱུ་རྩལ་ནི་ད་དུང་ཡང་མ་ཉམས་ཏེ་ཡོད།  



         གནའ་བོའི་གཟི་ནི་བསྐྱར་བཟོ་བྱེད་མི་ནུས་པས་ཧ་ཅང་གཙིགས་ཆེན་དུ་གྱུར་ཟིན་ཏེ། ལོ་ངོ་སྟོང་ཕྲག་གི་རིང་ཧ་ཅང་རྙེད་དཀའ་བ་ཡིན། དེར་བརྟེན་ལྷ་ཡུལ་གྱི་རྒྱན་ཆ་མི་ཡུལ་དུ་འཐོར་བ་དང་། མི་མ་ཡིན་གྱིས་བཟོས་པ། སངས་རྒྱས་དང་བྱང་སེམས་ཀྱིས་གནང་བ། ཨོ་རྒྱན་རིན་པོ་ཆེའི་གཏེར་ནས་བཏོན་པ། གླིང་གེ་སར་རྒྱལ་པོས་ནོར་བུའི་བང་མཛོད་ནས་བླངས་པ་སོགས་ངོ་མཚར་བའི་གཏམ་རྒྱུད་ཧ་ཅང་མང་པོ་འཆད་རྒྱུ་ཡོད་པ་ཡིན་ནོ།།      གཟི་ནི་དམིགས་བསལ་གྱི་རིག་གནས་རང་བཞིན་ལྡན་པ་ཞིག་ཡིན་ལ། ཧ་ཅང་ཉུང་ཉུང་ཤིན་ཏུ་རྙེད་དཀའ་བའི་གནའ་བོའི་རིག་དངོས་ཤིག་ཀྱང་རེད། གཟི་ལ་ལོ་རྒྱུས་ཀྱི་རིན་ཐང་དང་རིག་དངོས་ཀྱི་རིན་ཐང་། བསོད་ནམས་ཀྱི་རིན་ཐང་། བཟོ་རྩལ་གྱི་རིན་ཐང་། ཉར་ཚགས་ཀྱི་རིན་ཐང་། དངུལ་ལོའི་རིན་ཐང་སོགས་རིན་ཐང་གཞལ་དུ་མེད་པ་ཕུན་སུམ་ཚོགས་པ་ལྡན་ཡོད་པས་གནའ་ནས་ད་ལྟའི་བར་རིན་པོ་ཆེ་ཕལ་བ་ཞིག་དང་གཏན་ནས་འདྲ་བ་མིན། དེ་རྙེད་མཁན་ཡང་བསོད་ནམས་དང་དབང་ཐང་གིས་ཕྱུག་པའི་མི་ཉུང་ཤས་ཀྱིས་རྙེད་པ་མ་གཏོགས་མི་བུ་ཀུན་གྱིས་རྙེད་མི་སྲིད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1