༄༅།། གནམ་ལོ་གསར་ཚེས་ལ་ཕུལ།

དབང་ཆེན། རྩོམ་སྒྲིག་པ།ཚེ་དབང་དཔལ་མོཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-14


རྡུལ་བྲལ་དྲི་མེད་བེཌཱུར་སྔོན་མོའི་ཁུ་བས་བྱུགས་པའི་རབ་དྭངས་ཀུན་གསལ་སྒེག་མོའི་བཞིན། །
དགའ་བའི་འཛུམ་ཟེར་འོད་ཀྱིས་དཀྲིགས་པའི་ཉི་ཟླའི་སྤྱན་ཟུང་གླིང་བཞིར་གཟིགས། །
ཆུ་འཛིན་ཕང་པའི་དར་དཀར་ཡོལ་བར་རྣམ་བཀྲའི་དབང་གཞུའི་ཟ་འོག་མདངས། །
བཀྲ་ཤིས་རེ་ཁས་རྟེན་འབྲེལ་མཚོན་པའི་འཛམ་གླིང་ཞི་བདེའི་དཔལ་ལ་བསྙེག །

གོ་ལའི་ཡང་རྩེར་ཤེལ་དཀར་སྤུངས་པའི་གངས་རིའི་བསྟར་བའི་མུ་ཁྱུད་ན། །
ཆོས་སྲིད་ལུགས་ཟུང་གསེར་གྱི་འཁོར་ལོའི་སྲིད་པའི་ཁྱོན་ལ་དབང་བསྒྱུར་བའི། །
མཚམས་སྤྲིན་གསར་པའི་མདངས་སུ་གྲོལ་བའི་རིག་གྲོལ་ཡོན་ཏན་བརྒྱད་ལྡན་གྱིས། །
འཕགས་ཚོགས་འདུས་པ་རྒྱ་མཚོའི་སྙན་ལམ་ཇུས་བཟང་དབྱར་སྐྱེས་རྔ་གསང་སྒྲོག །

ཁ་བཏགས་དཀར་པོའི་ཁ་བའི་འདབ་མ་ཕྱོགས་བཅུར་ལྷུག་པར་བཞད་པའི་ངོས། །
རིག་པའི་གནས་བཅུའི་མིག་གི་དགའ་སྟོན་ཚིག་དོན་གསལ་བའི་ཟེའུ་ཕྲེང་ལ། །
བསྐལ་བཟང་བློ་གསལ་རྐང་དྲུག་གཞོན་ནུའི་རོ་བརྒྱའི་སྦྲང་རྩིའི་གསོས་འདེབས་སུ། །
དོན་གྱི་བྲོ་བར་ཉམས་སུ་མྱོང་ཞིང་ཡིད་ཀྱི་དགའ་སྟོན་དགྱེས་པར་རོལ། །

དཔྱིད་རླུང་དལ་བུའི་དྲི་གཞོན་གྱིས་བསྐུལ་འབྱུང་ཁམས་མེ་ཡིས་བདེ་དྲོད་འབར། །
ཚེ་ཡི་འདུ་བྱེད་རིང་དུ་བསྲིང་བའི་ལོ་རྟ་མཁའ་འགྲོའི་གཤོག་རྩལ་བསྒྱུར། །
ཚེ་བསོད་སྟོབས་འབྱོར་བཀྲ་ཤིས་ལོ་ལེགས་ཕྱྭ་གཡང་ཕྱུགས་ཀྱི་འཕེལ་ཁ་རྒྱས། །
གནམ་ལོ་གསར་པའི་དུས་ཀྱི་ཕོ་ཉ་མཐོ་གསུམ་ས་འཛིན་རྩེ་ནས་གྲགས། །
2017ལོའི་《ཁ་བཏགས་དཀར་པོ།》དེབ་དང་པོ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1