༄༅།། རི་བོང་གིས་སེང་གེ་བསད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-15


      སྔོན་སེང་གེ་ཞིག་དང་རི་བོང་ཞིག་རྒྱུན་དུ་འགྲོགས་ཤིང་སྤྱོད་ཡུལ་གཅིག་ཏུ་གནས་པ་ན། སེང་གེ་རང་བཞིན་གྱིས་ང་རྒྱལ་དང་སྟོབས་ཆེ་ལ་ཅིག་ཤོས་སྟོབས་ཆུང་བས། དེ་ལ་སེང་གེས་ལན་གྲངས་མང་དུ་བརྙས་ཤིང་གཙེས་པ་ན། མཐར་རི་བོང་ཡིད་བསྲུན་ཞིང་འཁྲུག་ཏེ། གནོད་ལན་འཇལ་བའི་ཐབས་བསམ་པ་ན་ཐབས་ཤིག་རྙེད་ནས་སྨྲས་པ། ཀྭ་ཡེ་ཇོ་བོ། ཕྱོགས་ཤིག་ན་ཇོ་བོ་རང་ཉིད་དང་འདྲ་བའི་སེམས་ཅན་ཞིག་གིས་འདི་སྐད་དུ།ང་དང་སྟོབས་འགྲན་ནུས་པར་གྱུར་ན་སྟོབས་འགྲན། དེ་ལྟར་མ་ཡིན་ན་ཐ་མའོ་ཞེས་གླེང་བ་གཅིག་མཆིས་སོ་ཞེས་སྨྲས་པ་དང་། སེང་གེ་ང་རྒྱལ་ཤིན་ཏུ་ཆེ་བས་དེ་ལྟ་བུ་དེ་གང་ན་ཡོད། འདི་བཞིན་དུ་སྟོབས་འགྲན་པར་བྱའོ་ཞེས་ཟེར།
      རི་བོང་གིས་སེང་གེ་ཁྲིད་དེ་སོང་སྟེ། ཁྲོན་པ་ཤིན་ཏུ་གཏིང་རིང་བ་ཞིག་བསྟན་ནས་ཕ་གའི་ནང་ན་གདའོ་ཞེས་བསྟན་ཏོ། །སེང་གེ་དེའི་ཁར་སོང་བ་ན་ཆུ་ནང་དུ་རང་གི་གཟུགས་བརྙན་ཤར་བ་དེ་དགྲ་བོར་བསམ་སྟེ། སྐད་ཆ་དྲིས་པ་ན་དེས་ཀྱང་འདྲི་བ་ལྟར་སྣང་ལ། ཁོས་གཡོ་འགུལ་གྱིས་འཁྲབ་བ་ལྟར་བྱས་ཚེ། གཟུགས་བརྙན་དེའང་འཁྲབ་ཀྱིན་འདུག་པ་དང་། དེར་མཆེ་བ་གཙིགས་པ་ན། དེའང་མཆེ་བ་གཙིགས་པར་སྣང་ངོ་། །དེ་དག་ལ་སོགས་པ་ལུས་ཀྱི་རྣམ་འགྱུར་སྣ་ཚོགས་བསྟན་པས་སེང་གེ་ང་རྒྱལ་དང་ཞེ་སྡང་གིས་དེའི་སྟེང་དུ་མཆོངས་ནས་ཤི་བ་དང་། བློ་གསལ་ཅན་གྱི་རི་བོང་དེ་གཡུལ་ལས་རྣམ་པར་རྒྱལ་ལོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1