༄༅།། ཁམས་རག་ཆབ་ཡུལ་གྱི་ལོ་རྒྱུས་མདོར་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-15


       འཛམ་གླིང་ས་ཡི་ཡང་རྩེ་མཐོ་སྒང་ན།།
       ཞང་བོད་ཤེས་རིག་སྣ་མང་སྲོལ་གཏོད་པའི།།
       སྔོན་བྱོན་ཡབ་མེས་སྤྱི་དང་ཁྱད་པར་དུ།།
       རག་ཆབ་ཡུལ་འདིར་བྱོན་རྣམས་རྒྱལ་གྱུར་ཅིག།
ཅེས་པས་མདུན་བསུས་ཏེ། འདིར་སྐབས་སུ་བབས་པ་ལོ་རྒྱུས་དངོས་གཙོ་རིག་པའི་འགྲོས་ལ་བསྟུན་གང་ཐུབ་ཀྱིས་རག་ཆབ་ཡུལ་གྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་ལ་རྩ་བའི་ས་བཅད་རྣམ་པ་བཅོ་ལྔ་སྟེ། 
        དང་པོ། གང་དུ་ཆགས་པའི་ཡུལ་ནི། བོད་གངས་ཅན་གྱི་ལྗོངས་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་རྒྱུད་རག་ཆབ་ཁ་ལ་སྒང་དྲུག་གི་ལུང་པ་འདི་ཉིད་གང་དུ་ཆགས་པའི་ཡུལ་ཡིན་ནོ།།
        གཉིས་པ། རག་ཆབ་པ་ཞེས་པའི་མིང་དོན་ནི།འདོད་རྒྱལ་གྱི་མིང་ཡང་ཡིན་སྲིད་མོད། ཡོངས་གྲགས་ལྟར་ན།ཆེས་གནའ་བོའི་སྐབས་སུ་མི་རྣམས་ཡུལ་འདིར་ཐོག་མར་གནས་ཆགས་སྐབས།བྲག་རི་སེང་སྟག་རྔམ་འདྲ་དང་། ཆུ་བོ་གཡུ་འབྲུག་མ་བུ་འདྲེས་འདྲ་མང་པོ་ཡོད་པའི་ཡུལ་གྱི་སྣང་ཚུལ་ལ་བརྟེན་ནས་བྲག་ཆབ་ལུང་པ་ཞེས་བོས་པ་དང་། ཕྱིས་སུ་བྲག་ཆབ་ཅེས་པའི་སྒྲ་དེ་ཉིད་རིམ་གྱིས་ཉམས་ནས་རག་ཆབ་ལ་འགྱུར་བ་རེད་ཅེས་གནའ་མིའི་ངག་རྒྱུན་ལས་གསལ་ལོ།།
        གསུམ་པ། བོད་ཀྱི་འགྲོ་བ་སྤྱི་ལྟར་རིགས་རུས་མཆེད་ཚུལ་ནི། ཕ་མི་མིན་སྤྲེལ་མིན་གྱི་སྤྲེལ་རྒན་དམ་པ་དང་། མ་བྲག་ལ་གནས་པའི་སྲིན་མོ་སྟེ་སྤྲ་མོའམ་མྱི་རྒོད་མོ་གཉིས་འབྲེལ་བ་ལས། བོད་མི་བུ་རིགས་བཞིའམ་གདུང་དྲུག་གི་བརྒྱུད་པ་མཆེད་པའི་ནང་ཚན། སྨུག་པོ་ལྡོང་གི་རིགས་བརྒྱུད་སྨད་མདོ་ཁམས་ཀྱི་ཡུལ་འདིར་ཆགས། ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ས་བཟུང་བ་ལས། ང་ཚོ་རག་ཆབ་ཀྱི་ཡུལ་མི་ཕལ་མོ་ཆེའང་ལྡོང་རིགས་ལས་མཆེད་པར་མངོན་ནོ།།
        བཞི་པ། གྲོང་སྡེ་བྱུང་ཚུལ་ནི། སྔོན་གྱི་ས་ཡིག་ལས་རག་ཆབ་ཤོག་བཞི་ཞེས་པ་དང་། དེ་རྗེས་ཚོ་ཆེན་དྲུག་དང་།རུ་ཁག་ཉེར་གཅིག་ཅེས་བཀོད་འདུག་པས།ཚོ་ཆེན་དྲུག་ནི། སྣར་ཅེ་བ་དང་། ཀ་སྤེལ་གཉིས།སྣ་ས།ཏུག་ས། ཨ་རིས།རག་ལྷག་ཤོད་གསུམ་བཅས་ཀྱི་གྲོང་སྡེ་དག་ཡིན་ལ། ནང་གསེས་རུ་ཁག་ཉེར་གཅིག་ཡོད་པ་རེད་འདུག་གོ།
        ལྔ་པ། སའི་ཆགས་ཚུལ་ནི། ཤར་གྱི་རྟ་ཆེན་སུམ་ར་ལ་སོགས་རི་བོ་ཆེ་ཕྲ་དུ་མས་ཀུན་ནས་བསྐོར་ཞིང་། རི་སྒང་ས་གཤོང་མང་པོ་ཤ་མོའི་སུལ་ལྟ་བུ་དང་། ལུང་པའི་དཀྱིལ་ནས་དྭངས་གཙང་ཆབ་རྒྱུན་ཞིག་འབབས་ཀྱི་ཡོད་པ་དེ་ནི་ལ་གཞི་འཛིན་ཁོག་རྒྱུད་རག་ཆབ་ལུང་པར་འབབ་པས་འཛིན་ཆུ་ཞེས་ཆུ་ཆེན་དེ་ལ་ཆུ་ཕྲན་རྣམས་ཀྱང་དེ་ལ་འདུས། ཆུ་ཀླུང་དེའི་ཉིན་སྲིབ་ཀྱི་རི་ཐང་གཉིས་ལ་མི་སྡེ་རྣམས་ས་ཁའི་རྩི་ཐོག་ལྟར་ཆགས་ཡོད་དོ།།
        དྲུག་པ། ཕྱོགས་བཞིའི་ས་མཚམས་ནི། ཤར་ནས་ཁྲོཾ་ཐར་ལུང་པ་དང་འདབས་འབྲེལ་ལ། ལྷོར་ཧོར་པོ་བ་དང་། ནུབ་ཏུ་གཏེར་ལུང་། བྱང་དུ་འཛིང་ཁོག་བཅས་བཞི་པོ་དང་ས་མཚམས་འབྲེལ་ཡོད་པའོ།།
        བདུན་པ། དཔོན་རབས་དར་ཚུལ་ནི། ཐོག་མར་ལྡོང་རིགས་ཀྱི་མི་རྒོད་ཚོས་དཔོན་ས་བཟུང་ཡོད་སྙམ་ལ།དེས་ནས་བོད་རྒྱལ་རིམ་བྱོན་གྱི་མངའ་ཁོངས་དང་། གླིང་གི་དུས་གླིང་དཔོན་ཨ་དོན། དེ་ནས་རང་དཔོན་ཨ་བཀྲས་བཟུང་ལ།དེ་ནས་སྡེ་དགེའི་རྒྱལ་རབས་བདུན་པ་བླ་ཆེན་བྱམས་པ་ཚོགས་ཀྱི་དུས་ནས་བཟུང་ཞིང་སྡེ་དགེའི་མངའ་འོག་ཏུ་གྱུར།  བློན་པོ་གད་ཐོག་ཚང་གི་མི་རབས་ལྔ་དྲུག་ཙམ་ལ་སྡེ་དཔོན་བྱས། དེ་རྗེས་རག་ཆབ་རྫོང་ཀ་འབམ་ཕོ་བྲང་ཆགས་རག་ཆབ་པ་ཉ་ཚ་ཚེ་བསམ་གྱིས་རྫོང་དཔོན་བྱས།དེ་ནས་སྡེ་དགེའི་བློན་པོ་བཤེས་གཉེན་ཚང་གིས་ཡུལ་དཔོན་བྱས་པའི་བར་ནས་བྱས་ཤིང་ལོ་རབས་ལྔ་པར་སི་ཁྲོན་དཀར་མཛེས་དཔལ་ཡུལ་རྫོང་རག་ཆབ་ཤང་གི་མངའ་ཁོངས་སུ་གྱུར་ཏོ།།
        བརྒྱད་པ། ཐོན་ཁུངས་སྐོར་ལ།བེད་སྤྱོད་ཆེ་བའི་རྩི་ཤིང་རིགས་དང་། སྔོ་སྡུམ་སྣ་ཚོགས།འབྲུ་རིགས། འོ་འཐུང་སྲོག་ཆགས། ཤ་གཟན་རིགས།བྱའི་རིགས།འབུ་སྲིན་གྱི་རིགས་བཅས་དང་། ད་དུང་ཞིང་འབྲོག་ཞོར་གསུམ་གྱི་ལས་ཀའི་ཐོན་ཁུངས་ཡོད་པས་མ་ཚད། གཙོ་བོ་ཚོང་ལས་ལ་གཉེར་བཞིན་ཡོད་པ་ཡིན་ནོ།།
        དགུ་པ། གནས་རིའི་སྐོར་ལ། ཡོངས་གྲགས་གནས་ཆེན་རྫོང་ཤོད་དང་། རྭ་ཅོགརག་དྷཱི་ལ་སོགས་མང་དུ་བཞུགས་པས་བྲི་བར་མ་ནུས་སོ།།
        བཅུ་པ། ཆོས་ལུགས་དང་དགོན་སྡེའི་སྐོར་ནི། ཐོག་མར་བོད་ཡུལ་ཀུན་དང་མཚུངས་པར་བོན་པོའི་ཆོས་ལུགས་དར་ཁྱབ་བྱུང་།དེ་ནས་བནྡེའི་ཆོས་ལུགས་དར་རྒྱས་དང་། ལྷག་པར་དུ་སྣ་ས་བ་དགེ་འདུན་འབུམ་པ་ལ་སོགས་རག་ཆབ་འབུམ་པ་བཅུ་གསུམ་གྱི་གདན་ས་རྙིང་མ་པའི་ཆོས་སྡེ་དུ་མ་དང་། བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པའི་ཆོས་སྡེའང་ཡོད་པར་བཤད་ལ། ད་ལྟ་གཙོ་བོ་དགོན་སྡེ་བཞི་དང་རི་ཁྲོད་གཅིག་བཅས་ལྔ་ཡོད་པ་རེད།(1)རག་ཆབ་དགོན་ཨོ་རྒྱན་བསམ་གཏན་ཆོས་གླིང་ནི། ཀཿཐོག་པ་གསང་བདག་བྱམས་པ་འབུམ་གྱི་དངོས་སློབ་གླིང་གི་གྲུབ་ཐོབ་མ་ཎི་རིན་ཆེན་གྱིས་རབ་བྱུང་བཞི་པའི་མེ་སྤྲེལ་སྤྱི་ལོ1236ལོར་ཕྱག་བཏབ།གནས་འདི་ཉིད་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི་མདོ་ཁམས་གནས་ཆེན་ཉེར་ལྔ་སྟེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བའི་ཕྲིན་ལས་ཀྱི་གནས་སུ་བསྔགས་པའི་དབེན་གནས་བསེ་རྭ་ཅོག་གི་གཡས་རི་གླང་ཆེན་འབྲས་ཁུར་གྱི་སྒལ་པར་ཆགས་ཡོད་ཅིང་། རྭ་ཅོག་རྡོ་རྗེ་ལྷུན་པོའི་གནས་ཀྱི་ལོ་རྒྱུས་ཉུང་ངུར་བྱས་པ་ལ་སོགས་པ་གནས་ཡིག་རྒྱས་བསྡུས་ལྔ་ཙམ་ཡོད་པས་གཞན་དུ་གསལ། དགོན་པ་འདི་ལ་མི་ལོ་བདུན་བརྒྱ་དགུ་བཅུ་ལྷག་གི་ལོ་རྒྱུས་བཤད་རྒྱུ་ཡོད་པ་རེད། གྲུབ་མཐའ་རྙིང་མ་པ། ནང་རྟེན་གཙོ་བོ་ཐུབ་པ་བྲད་བརྡའི་འོད་འབར་དང་། འབུད་དུང་དཀར་མོ་རྒྱང་གྲགས་གཙོས་རྩ་ཆེན་རིགས་མང་།གདན་རབས་བཞི་བཅུ་ཞེ་གསུམ་ཙམ་བྱོན།དགེ་འདུན་པའི་ཞལ་གྲངས་ནི་མང་མཐར་ལྔ་བརྒྱ་ཙམ་དང་། ཉུང་མཐར་ལྔ་བཅུ་ཡས་མས་ཙམ་ཡོད་པ་ཡིན་ལ།བཤད་སྒྲུབ་ཀྱི་བསྟན་པའི་ལུགས་སྲོལ་ནི།སྔ་རབས་པ་རྣམས་ཀཿཐོག་པ་ལྟར་མདོ་སྒྱུ་སེམས་གསུམ་འཆད་སྤ྄ེལ་དང་།ཆོས་དབང་གཏེར་ཆོས་བཅས་སྒྲུབ་པ་ཉམས་ལེན་མཛད། རྒྱལ་རོང་སྤྲུལ་སྐུ་བྱོན་ཚུན་ལ་བཀའ་གཏེར་ཟུང་འབྲེལ་གྱི་དཔལ་ཡུལ་བའི་ལུགས་ལྟར་སྐྱོང་བ་ཡིན། དུས་འགྱུར་སྐབས་སུ་བསྟན་པར་ཉམས་རྒུད་ཆེ་ཡང་། ད་སྐབས་རག་ཆབ་སྡེ་དགོན་གཉིས་ཀྱིས་མཉམ་གཉེར་ངང་རྟེན་དང་བརྟེན་པ་གང་འཚམ་བསྐྱར་བཞེངས་དང་། ལྷག་པར་དུ་བཤད་གྲྭ་ཆེན་མོ་ཚུགས་ནས་ལུང་རིགས་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་ཐུབ་བསྟན་བློ་གྲོས་མཆོག་དང་།རག་ཆབ་མཁན་པོ་ཚེ་དབང་འགྱུར་མེད་སོགས་དགེ་འདུན་ཉིས་བརྒྱ་ཙམ་གྱིས་བསྟན་རྩ་བཤད་སྒྲུབ་འཛིན་སྐྱོང་གནང་བཞིན་པའོ།།(2)རྫོང་ཤོད་དགོན་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་མོ་ནི།རབ་བྱུང་བཅོ་ལྔའི་མེ་ཡོས་སྤྱི་ལོ1867ལོར་འཇམ་མགོན་མཁྱེན་ཀོང་མཆོག་གསུམ་གྱིས་གནས་སྒོ་ཕྱེས་ཤིང་།རྗེས་སུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གདན་ས་མཛད། མདོ་ཁམས་གནས་ཆེན་ཉེར་ལྔ་ལས་ཡོན་ཏན་གྱི་གནས་སུ་བསྔགས་པ་ཡིན་ལ།གནས་ཡིག་བསྡུས་དོན་རབ་གསལ་སྙིང་པོ་ལ་སོགས་པ་ཅུང་མང་བས་སྐབས་གཞན་དུ་གསལ།གྲུབ་མཐའ་ནི་ཤངས་པ་བཀའ་བརྒྱུད་ཡིན་ལ།ནང་རྟེན་གཙོ་བོ་རྒྱ་གར་གྲུབ་ཆེན་ས་ར་ཧ་པའི་ལི་སྐུ་ཁྱད་འཕགས་དང་། རོལ་མོ་གྲགས་ཅན་ལ་སོགས་པ་ཡོད།གདན་རབས་བདུན་ཙམ་བྱོན།དགེ་འདུན་པ་མང་མཐར་སུམ་བརྒྱ་ཙམ་དང་།ཉུང་མཐར་ཉེར་ལྔ་ཙམ་ཡོད་པར་གྲགས། བཤད་སྒྲུབ་ཀྱི་བསྟན་པ་ལ།སྔོན་ནས་སྒྲུབ་གྲྭ་ཡོད་ཀྱང་རྗེས་སུ་བཤད་གྲྭ་དངོས་སུ་ཚུགས་ཐུབ་མེད། འོན་ཀྱང་མཛོད་ཆེན་རྣམ་ལྔ་ལ་སོགས་འཆད་སྤེལ་གང་ལེགས་བྱུང་བར་ཀོང་སྤྲུལ་རང་རྣམ་ལས་གསུངས།རིག་གསར་སྐབས་བསྟན་པར་གོད་ཆག་ཆེན་པོ་ཤོར་ཡང་། ད་ལྟ་རྟེན་དང་བརྟེན་པ་བསྐྱར་བཞེངས་ཐོག།རྫོང་ཤོད་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་བསྟན་འཛིན་ཉི་མ་ལ་སོགས་ཀྱིས་རྒྱལ་བསྟན་འཛིན་སྐྱོང་གནང་བཞིན་བཞུགས་སོ།།(3)དཔལ་གསང་ཆེན་ཨ་རིས་ཡང་ལེ་ཤོད་ཐོས་བསམ་དགའ་ཚལ་གླིང་ནི།གླིང་སྨུག་པོ་ལྡོང་གི་མི་བརྒྱུད་གཏེར་སྟོན་ཀརྨ་བསོད་ནམས་དར་རྒྱས་ཀྱིས་རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་སྤྱི་ལོ1880ལོར་ཕྱག་བཏབ།ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་ཤིང་། སྣ་ནམ་རྡོ་རྗེ་བདུད་འཇོམས་དངོས་སུ་ཕེབས་པར་བཤད་ལ། བལ་ཡུལ་ཡང་ལེ་ཤོད་དང་བྱིན་རླབས་མཚུངས་པས་ཡང་ལེ་ཤོད་གཉིས་པ་ཞེས་སུ་གྲགས།རང་གཏེར་གནས་ཀྱི་མདོ་བྱང་ལ་སོགས་པ་གནས་ཡིག་རྒྱས་བསྡུས་གཞན་དུ་གསལ།གྲུབ་མཐའ་རྙིང་མ་པ་རེད། རྟེན་གཙོ་གུ་རུ་གཏེར་མ་དང་།གེ་སར་ཞལ་ཐང་རྙིང་པ་བྱིན་ལྡན་ལ་སོགས་པ་ཡོད། གདན་རབས་དྲུག་ཙམ་བྱོན།བཤད་སྒྲུབ་ཀྱི་བསྟན་པའང་གང་ལེགས་དར་བར་མངོན། དུས་འགྱུར་ལ་འཐོར་ཞིག་ཆེན་པོ་སོང་ཡང་། ད་ལྟ་རྟེན་དང་བརྟེན་པ་བསྐྱར་བཞེངས་དང་།ཡང་ལེ་བསྟན་འཛིན་བཟང་པོའི་སྐུ་སྐྱེ་སྐུ་ཕྲེང་གསུམ་པ་སྤྲུལ་ཨོ་རྒྱན་ཟླ་བ་ལ་སོགས་དགེ་འདུན་པ་ཡོངས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་གནང་བཞིན་པའོ།།(4)སེང་རི་དགོན་རྡོ་རྗེའི་གཡུ་རྫོང་བདུད་འཇོམས་ཐར་པ་གླིང་ནི།གཏེར་ཆེན་དྲི་མེད་འོད་གསལ་གླིང་པས་རབ་བྱུང་བཅོ་ལྔ་པའི་ས་ལུག་སྤྱི་ལོ1919ལོར་ཕྱག་བཏབ། གནས་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་བྲག་དཀར་སེང་ཆེན་གནམ་ལ་མཆོང་བ་ལྟ་བུ་ཞེས་གྲགས།གནས་ཡིག་བདེ་ཆེན་ལམ་བཟང་ལ་སོགས་པ་གཞན་དུ་གསལ།རྟེན་གཙོ་གུ་རུའི་སྐུ་གཏེར་མ་དང་། ཟངས་གསེར་ལས་གྲུབ་པའི་འོད་དཔག་མེད་ཀྱི་སྐུ་ཆེས་ལེགས་པ་སོགས་བཞུགས།བཤད་སྒྲུབ་ཀྱི་བསྟན་པའང་སྒྲུབ་གྲྭ་སྔར་ནས་ཡོད་ལ་བཤད་གྲྭ་དངོས་སུ་ཚུགས་མེད་ཀྱང《སྙིང་ཐིག་སྔོན་འགྲོ》ལ་སོགས་པ་གང་འཚམ་དར་རྒྱས་བྱུང་བར་གྲགས། དུས་འགྱུར་ཁྲོད་ཞིག་རལ་ཆེན་པོ་བྱུང་ནའང་། ད་ལྟ་བསྟན་པ་སླར་གསོ་གང་ལེགས་དང་། དྲི་མེད་ཚང་གི་གདུང་བརྒྱུད་རིམ་བྱོན་ཁག་དང་།སྐྱེ་སྤྲུལ་རྣམ་པ།དགེ་འདུན་འདུས་སྡེ་བཅས་ཀྱིས་བསྟན་པ་སྐྱོང་བཞིན་བཞུགས་པ་ལགས་སོ།།(5)དཔལ་གསང་ཆེན་རབ་དྷཱི་རྡོ་རྗེ་སྙིང་རྫོང་ནི། རབ་བྱུང་བཅུ་བདུན་པའི་ཤིང་ལུག་སྤྱི་ལོ1904ལོར་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། དྲི་མེད་གདུང་སྲས་བདེ་ཆེན་རྣམ་རྒྱལ་རྣམ་གཉིས་ཀྱིས་ཕྱག་བཏབ་པ་འདྲ།ནང་རྟེན་གཙོ་བོ་སྒྲོལ་སྐུ་རྙིང་ཚང་ཞིག་མཇལ་རྒྱུ་ཡོད་ལ། སྒྲུབ་གྲྭ་ཚུགས་ཤིང་བཤད་གྲྭ་དངོས་སུ་མེད་ཀྱང་རིས་མེད་ཕྱོགས་ཕེབས་བླ་མ་རྣམས་ཀྱིས་ཆོས་འཆད་སྤེལ་མང་དུ་མཛད་པར་བཤད། དུས་འགྱུར་སྐབས་ཉམས་རྒུད་ཆེའང་། ད་ལྟ་བསྐྱར་བཞེངས་གང་འཚམ་དང་། ཁྱུང་པོ་དགེ་སློང་གི་སྐུ་ཕྲེང་གཉིས་པ་རབ་དྷཱིའི་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ལ་སོགས་ཀྱིས་བསྟན་པ་སྐྱོང་བཞིན་པ་འདིའོ།།
        བཅུ་གཅིག་པ། ལག་རྩལ་སྐོར་ལ། སྔོན་དུས་ཤིང་བཟོའི་སྒ་དང་ཟོམ་ཟེའུ། མགར་རས་གསེར་དངུལ་ཟངས་ལྕགས་རག་སོགས་ཀྱིས་མཆོད་ཆ་དང་། གྲི་དང་མེ་ཆ། ལྷ་པས་ལྷ་བཟོ་བ་དང་།ཁྱིམ་ཚང་གི་མིང་ལའང་ཏུག་ཚའི་ལྷ་པ་ཚང་དང་། སྣ་ཅེའི་རྫ་མཁན་ཚང་། ལྷག་པའི་མགར་བ་ཚང་ཟེར་བ་ད་ལྟའང་ཡོད་པ་རེད་ལ།ལག་རྩལ་གྱི་རྒྱུན་འཛིན་ནི་ནང་མིའམ་སྤུན་མཆེད་ལ་སོགས་ཀྱིས་མ་ནུབ་ཙམ་རེ་བསྡད་ཡོད་པ་རེད།  ཡུལ་ཁྲིམས་ལ། སྡེ་དགེའི་ཁྲིམས་རྒན་མ་གཞིར་བཟུང་། རག་ཆབ་ཡུལ་ཁྲིམས་བཅོ་བརྒྱད་ཀྱི་སྒྲིག་གཞི་ལ་སོགས་ཡོད་པས་གཞན་དུ་གསལ་ལོ།།
        བཅུ་གཉིས་པ། སྒྱུ་རྩལ་སྐོར་ལ།དམངས་གླུ་དང་བྲོ་ཆེན།ལ་གཞས།ཁེད། སྟོན་བཤད་འདྲ་མིན་སྣ་ཚོགས་བཅས་བཤད་སྲོལ་ཡོད་པ་རེད་འདུག་གོ།།
        བཅུ་གསུམ་པ། ཡུལ་སྲོལ་གོམས་གཤིས་ནི། བོད་སྤྱི་མཐུན་གྱི་ཁ་ཟས་ལྟར་ཟས་སུ་རྩམ་པ་དང་ཤ་མར་གཙོ་ཆེ་ལ་ད་དུང་སྔོ་ཚལ་གྱི་བཟའ་བ་དང་། གོས་སུ་བོད་གོས་གོང་བ་ཅན་དང་ལྭ་བའི་སྐོར་གྱོན། རྒྱན་དུ་གསེར་དངུལ་གཟི་བྱུར་གཡུ་སོགས་འདོགས།སྔོན་དུས་ཕོ་ཐམས་ཅད་རལ་པ་ཅན་དང་། མོ་ཐམས་ཅད་སྐྲ་བསླས་མ་ཅན་ཞེས་གྲགས། བོད་སྐད་བརྡ་རྙིང་ཅན་བཤད་ལ།བོད་ཡིག་ཀློག་རྒྱུར་དགའ།བརྟན་ལ་གཞུང་ཐུབ་དགོས་པ་དང་། མི་ཡ་རབས་ཡོན་ཏན་དང་།རྒན་རྒོན་ལ་སྲི་ཞུ།ཕ་མར་དྲིན་ལན་སྤྲོད་སྲོལ་ཡོད་པ་ལ་སོགས་ཡབ་མེས་བཟང་པོའི་སྲོལ་བཟང་སྐྱོང་ཞིང་རིགས་ལ་ཞེན་པ་ཆེ་བའི་ལུང་པ་ཞིག་ཀྱང་ཡིན། མདོར་ན་བཟང་བྱེད་ལ་གཏང་རག་དང་།ངན་བྱེད་ལ་ཆད་པ་གཅོད། ཅེས་པ་དང་མཚུངས་སོ།།
        བཅུ་བཞི་པ། དེང་གི་གནས་སྟངས་ལ།རྒན་འཁོགས་ཚོ་ཆོས་སྒོར་ཞུགས་ལ་དར་མ་ཚོ་ཚོང་ལ་འཇུག་པ།གཞོན་ནུ་ཚོ་ལས་ཀར་འབད་པ། བྱིས་པ་ཚོ་སློབ་གྲྭར་འགྲིམས་ཏེ། ཀུན་ཀྱང་དགེ་བཅུའི་ཁྲིམས་ཀྱིས་ནང་དམེ་ལ་སོགས་ཉུང་ནས་ཉུང་ངུར་བཏང་ཞིང་གནས་པ་ནི་ཡར་ཐོན་ཕྱོགས་ཀྱི་ཆ་ཤས་ཙམ་གླེང་བ་ལགས་སོ།།
        བཅོ་ལྔ་པ། མཇུག་བསྡུ་བ་ནི། དུས་ཚོད་ཀྱི་རྐྱེན་པས་འདི་ཙམ་ཞིག་ལས་ད་ཐེངས་ཡི་གེ་མང་བར་དོགས་པས་འབྲི་བར་མ་ནུས་ལ། དཔྱད་ཡིག་ནི། བོད་སྤྱི་བཤད་དང་། སྡེ་དགེའི་རྒྱལ་རབས་སྤྱི་དོན་ཟླ་འོད་གསལ་བའི་མེ་ལོང་། རག་ཆབ་ཀྱི་ཡིག་རྙིང་ཐོར་བུ། རག་ཆབ་ཀྱི་དགོན་སྡེ་འགའི་ལོ་རྒྱུས། རྒན་རབས་ཀྱི་ངག་རྒྱུན་སྒྲ་ཕབ། ཕྲིན་ལས་ཀྱི་ཟིན་བྲིས་དང་བཅས་པ་ཕྱོགས་གཅིག་ཏུ་བསྡེབས་ཏེ་བྲིས་པའོ།།།།
         ༼དཔལ་ཡུལ་དམངས་ཁྲོད་རིག་གནས་འཚོལ་བསྡུ་མཐུན་ཚོགས།༽
(ཁམས་པའི་དྲ་བའི་འཕྲིན་སྟེགས་ལས་བཤུས།)


阅读 992 投诉


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1