༄༅།། མ་ཡུམ་སློབ་གྲྭར་བཅངས་པའི་བརྩེ་སེམས།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-20



རྨད་བྱུང་རང་རིགས་རིག་གཞུང་ནམ་མཁའི་ནོར།།
རྣམ་དཔོད་བློ་གྲོས་གསེར་གྱི་ཤིང་རྟ་དེས།།
གངས་ལྗོངས་གཙུག་ལག་འདབ་བརྒྱའི་དོ་ར་རུ།།
འདྲེན་མཛད་སྔོན་བྱོན་ལོ་པཎ་སྙིང་ནས་འདུད།།
 
དེ་ཡང་ལྔ་གཉིས་རིག་པའི་སློབ་གྲྭ་འདིའི།།
ཚུལ་ལུགས་མདོ་ཙམ་མཚོན་པའི་བརྡ་ཐབས་ཙམ།།
ལྟ་འདོད་བློ་གྲོས་གསར་པའི་ན་གཞོན་ཚོའི།།
སྤྱན་ཟུང་གཡོ་བའི་དགའ་སྟོན་འདི་ཕུལ་ལོ།།

སྔོན་རབས་རིག་གཞུང་ཡོངས་འདུས་རྩ་བ་ལ།།
ཤེས་རབ་གསུམ་གྱི་འདབ་སྟོང་རྣམ་པར་བཀྲ།།
ལུང་རིགས་བྱེ་བའི་དྲི་བསུང་འཐུལ་ན་ཡང་།།
རེ་ཞིག་མི་བཞི་ངན་གཡོའི་སད་ཀྱིས་ཁྱེར།།

འོན་ཀྱང་ཏང་སྲིད་བཟང་པོའི་ཉི་གཞོན་དེ།།
དབང་ཕྱོགས་ལྷུན་པོའི་སྤོར་ནས་འཆར་བའི་མོད།།
ལོག་སྨྲ་འབྱུང་བྱའི་ཟུར་མིག་ལྡོང་དང་ལྷན།།
གངས་ལྗོངས་རིག་པའི་འདབ་སྟོང་སླར་ཡང་བཞད།།

དེ་ཚེ་བསིལ་ལྡན་ཁ་བའི་ལྗོངས་འདི་ལ།།
སྔོན་མེད་གནས་ལྔ་རིག་པའི་སློབ་གྲྭ་ཞེས།།
མཚན་སྙན་དབྱར་གྱི་རྔ་གསང་ལྡིར་བའི་སྒྲས།།
འཆི་མེད་གྲོང་གི་མགོན་པོའང་གཉིད་ལས་བསླངས།།

ཀ་དག་གནས་ལུགས་རྟོགས་པའི་སློབ་དཔོན་རྣམས།།
ཁ་བའི་རྡུལ་མང་བརྩེགས་པའི་གངས་རིའི་ཞོལ།།
ག་བུར་ལྟ་བུའི་རེག་བྱ་ཁྱད་བསད་ནས།།
ང་ཅག་བརྩོན་པའི་ལྕག་གིས་ཡང་ཡང་བསྐུལ།།

ཡུལ་དང་རྒྱན་གོས་སྐད་སོགས་ཐ་དད་པའི།།
བློ་གསལ་ངང་དཀར་གཞོན་ནུའི་ཁྱུ་ཚོགས་རྣམས།
བོད་ཀྱི་བཅུ་ཕྲག་རིག་གནས་ཉམས་གསོའི་ཕྱིར།།
ཤྲཱི་སེང་ཡངས་དབེན་མཚོ་རུ་དལ་གྱིས་རྩེན།།

དེ་ཚེ་མཁས་དབང་གང་གི་ལེགས་བཤད་ཀྱི།།
ཟེར་བརྒྱ་ཕྱོགས་ཀུན་སྤྲོས་པའི་དཔལ་དེའི་མཐུས།།
སྐྱེས་ཐོབ་ཤེས་རབ་དམན་པ་བདག་འདྲ་ཡང་།།
ཤེས་བྱའི་གནས་ལ་འཇུག་པའི་སྐལ་བ་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1