གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཚེ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༢ཚེས་༢༣ཉིན།

༄༅།། རྒྱང་རིང་གི་མཐིང་སྨུག་སྦྲ་གུར།


ཚེ་མགོན།

     སྐལ་བཟང་མེ་ཏོག་གི་བསུང་ངད་ཁྲོད་ཡུམ་ཆེན་བྱམས་སེམས་ཀྱིས་བཞུགས་པའི་མཐིང་སྨུག་སྦྲ་གུར། ངའི་ཚེ་དང་སྲོག་གི་དན་རྟགས་ལགས་པས། དྲན་གདུང་གི་རྒྱུན་ནི་དེ་བས་འཛད་མཐའ་དབེན། ཡུན་གྱིས་བསྲིངས་པའི་དྲན་ཤེས་དེའི་ཡོལ་ངོས་སུ། ཆར་རླུང་གི་མནར་སྡུག་དང་བཅས་ཁེར་རྐྱང་དུ་སྐྱོམ་པའི་ངའི་མཐིང་སྨུག་གི་ཁྱིམ་གཞིས་དྲོན་མོ་ནི། རྒྱང་བཞུད་ཀྱི་ཁྲུང་ཁྲུང་ཇི་བཞིན། ངའི་བྱིས་བློ་དང་རྨི་ལམ་ཡོད་ཚད་ཀྱི་ལམ་རྒྱགས་ཐོགས་ཏེ། དུས་ཚིགས་གང་ཞིག་གི་མཛེས་སྡུག་སྙེག་པ་བཞིན་ཡང་བསྐྱར་ལམ་ལ་ཆས།རྒྱང་རིང་གི་མཐའ་མལ་དེ་ནི་ནམ་ཡང་བཤུལ་ལམ་རིང་མོ་ཞིག་གི་ཕར་སྣེ་ན། དེའི་ཕྱིར། ནོར་གནག་གི་ངུར་དབྱངས་དང་འདྲེས་པའི་གཞས་ཆུང་དེས་སྔར་བཞིན་ངའི་བྱིས་བློ་ལྟ་བུའི་སྤྲོ་སྐྱིད་དང་བག་ཕེབས་སྙན་པར་གྱེར། ས་སྲོད་གྲངས་མེད་ཅིག་གི་རེ་སྒུག་ཁྲོད། ཕྱུགས་རྫི་བུ་མོའི་འཇོ་སྒེག་དང་བསྡོངས་ཏེ་ཆུ་ལྷའི་ཕོ་ཉར་གྱེས་ཕག་འབུལ་ཐེངས་རེར། རྒྱང་ཐག་རིང་བའི་མདུན་ཕྱོགས་དེ་ན། མཐིང་སྨུག་གི་བདག་ཉིད་ཅན་དེས་ཡུམ་ཆེན་གྱི་ལྷོད་ཤ་དང་བཅས་མཚམས་སྤྲིན་གྱི་མེ་ཏོག་མཆེད་པའི་གནམ་སའི་བར་མཚམས་སུ་འགྲེང་ནས། ཉི་ཟླ་རེས་མོས་ཀྱི་འཕོ་འགྱུར་དེ་ཡང་བསྐྱར་བཀླགས།
   དེ་དུས། ཁྱེད་ནི་སྔར་བཞིན་བརྗིད་ཉམས་ལྷང་ངེར། དྲོད་ཁོར་ཤ་ལེར། དགོང་ཁའི་རླུང་བུའི་རྒྱུ་ཕྱོགས་ཀུན་ཏུ། དྲན་ཤེས་ཀྱི་གཏིང་རིམ་ན་བག་ལ་ཉལ་བའི་རྫི་གླུ་སྙན་མོ་ནི། གཟུགས་མེད་ཀྱི་འཇོལ་མོ་ཇི་བཞིན་ངའི་མཐའ་འབྱམས་ཁད་ཀྱིས་བརྒལ་ཏེ། སྦྲང་ཆར་བཞིན་ངའི་དྲན་པའི་གཤིན་སར་འཇམ་སྙན་གྱིས་བབས། དོ་ནུབ།རི་ཆུ་ཁྲི་སྟོང་གིས་བསྐལ་བའི་ཕ་རོལ་ཏུ། ཡུམ་ཆེན་ནང་བཞིན་མཐིང་སྨུག་སྦྲ་གུར་དེས་ཀྱང་སིམ་སིམ་སྟོན་ཆར་འདིའི་ཁྲུས་གསོལ་མྱོང་བཞིན་ལགས་སམ། གང་ལྟར་ང་ནི་ཁོ་མོའི་མཐིང་སྨུག་གི་འགེབ་སྲུང་འོག་གཉོམ་ཆུང་གིས་ཉལ་ན་བསམ། རྨི་ལམ་དུ་ཡབ་ཆེན་གྱིས་ཅིས་ཀྱང་བརྗོད་མི་ཚར་བའི་གླིང་སྒྲུང་ངམ། ཡང་ན། མཚན་ལྗོངས་ཀྱི་སྟོང་འཇགས་ཐོལ་གྱིས་དཀྲོག་པའི་སྒོ་ཁྱི་དེའི་ཟུག་སྐད་ནི་ངའི་སྟོན་ནམ་རིང་མོ་ཞིག་གི་དྲན་ཤིང་ལགས་པས།ངའི་མཐིང་མདོག་གི་དྲན་ཤེས་དེ་ནི་མཐིང་སྨུག་གི་འདུན་པ་ཞིག་གི་གཞེན་སྐུལ་དང་བསྡེབས་ནས་ཡུན་གྱིས་བསྲིངས། ལྷའི་ཡུལ་གྱི་ཁ་ཚུབ་ཁྲོད་ནས་སྐྱ་རེངས་ཤིག་གི་སྔོན་འགྲོ་དྲུག་འགྱུར་གྱི་དབྱངས་སུ་གྱེར་དུས། ཨ་མའི་ངག་སྒོ་ལས་འཕུར་བའི་འཇོ་དབྱངས་སྙན་མོ་ངའི་རྨི་ལམ་ནས་རིམ་གྱིས་འཕུར། རླུང་ཁ་རུ་ཟད་པའི་གནའ་བོའི་འགྱུར་ཁུགས་ཧྲིལ་པོ་དེ་ནི་ཨ་མའི་ཕྱིར་མི་ལྡོག་པའི་ལང་ཚོ་ཇི་བཞིན་མཚར་སྡུག་གི་རང་སྣང་ལྷག་པར་མཐོ། དེའི་ཕྱིར། ཨ་མའི་གཞུ་ལྟར་གྱོང་བའི་རྒྱབ་གཟུགས་ལས་སྦྲ་གུར་དེའི་མཐིང་སྨུག་གི་ལོ་ཟླ་བཀླག་རྒྱུར་དེ་བས་ཞེན། ཡིན་ཡང་། དབང་ལམ་ན་བརྗིད་པའི་སྦྲ་གུར་དེ་ནི་ནམ་ཡང་བཀླག་མི་དཔོག་པའི་མཐིང་སྨུག་གི་གླེགས་བམ་འབའ་ཞིགཚོར་འདུ་དྲག་པོ་ཞིག་གི་བསླུ་བྲིད་དེའི་ཆེད་དུ་ང་རང་འདི་ལྟར་ཨུ་ཚུགས་ཀྱིས་བགྲོད་དགོས་བྱུང་། མཐིང་སྨུག་སྦྲ་གུར། བྱིས་བློ་དང་རྨི་ལམ་ལྷན་དུ་བསྡེབས་པའི་ངའི་ཚེ་སྲོག་གི་རྩེད་ར་ཐོག་མ། གལ་སྲིད། ངའི་ཚོརཤེས་ཀྱི་ངོ་བོར་སེམས་འགྱུ་ཞིག་གི་སྣང་ཚུལ་དུ་རྟག་ཅིང་བརྟན་པར་གྲུབ་ན། ངས་ཞེན་ཞིང་དུང་བའི་སེམས་འགྱུ་ཕྲ་མོ་དེའི་ཆེད་དུ་བསྟོད་གླུ་འབུལ་ངེས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1