༄༅།། ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེ།

བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-28



        རྟོགས་སད་པའི་སེམས་ཁོང་གི་མཆོད་སྟེགས་སུ་ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེ་དེ་ནི་སྐུ་གསུང་ཐུགས་རྟེན་གང་རུང་ཞིག་ལ་ཕུལ་བའི་མཆོད་མེ་མ་ཡིན་ལ་སྲོལ་རྒྱུན་དང་གསར་དར་གྱི་གདོང་ཐུག་ལས་ངེས་དོན་རྙེད་ཅིང་གཟི་བརྗིད་དང་གྱོང་གུད་ཀྱི་མཚམས་ནས་རྟོགས་པ་སད་པའི་མེ་སོན་གྱི་མེ་ལྕེ་སྟེ། དུང་སེམས་ཀྱི་མར་ཁུ་ཞུན་མའི་ཐིགས་པ་དང་རྟག་བརྟན་གྱི་མཆོད་ཀོང་ལས་འོད་སྐོར་འཁྱིལ་བས་ཚ་ལམ་ལམ་གྱི་དྲོད་རླངས་ལ་ཉམས་ཆག་དང་རྒྱུན་ཆད་མེད།
        སྲོལ་རྒྱུན་གྱི་ཞལ་འབག་གོན་ཏེ་གསར་སྐྱེས་རྣམས་ལ་འཇིགས་སྣང་སྐུལ་བའི་བསམ་བློ་རྭ་ལྟར་གྱོང་བའི་ཨུ་ཚུགས་ཅན་གྱི་མདུན་དུ་མེ་ལྕེ་དེའི་རྣོ་དབལ་སྔར་ལས་ཚ་ཞིང་འོད་མདངས་དེ་ལས་ཀྱང་བཀྲ། རྒྱུ་མཚན་ནི་ཆེ་ལ་གནོད་བྱེད་གྲོགས་སུ་ཤར་ལ་ཆུང་ལ་གནོད་བྱེད་གནོད་དུ་གྱུར་པས་སོ།།
        ཕྱི་རོལ་ཡུལ་ནས་ལྡངས་པའི་སྨུག་པའི་ཁྲོད་དུ་འགྲོ་སའི་ལམ་སྣེ་མ་མཐོང་ལ་སྡོད་སའི་གནས་གཞི་མ་རྙེད་པའི་ལ་ཁའི་རྫི་བོ་ལ་མེ་ལྕེ་དེས་ལམ་སྣེ་སྟོན་དུས། ཕྲག་དོག་ཁྲག་གིས་མྱོས་ཤིང་རྟག་ཆད་མཐའ་རུ་ལྷུང་བའི་མདུང་རྩེ་སྙིང་གར་གཏད་ཀྱང་དམ་བཅའ་ཤོར་དུས་མེད་དེ། མཐོང་གྲོལ་གྱི་ཡོན་ཏན་རི་རྒྱལ་ལྷུན་པོ་ལས་བརྟན་ཞིང་རིགས་པའི་རྩལ་ནི་གློག་ལས་མྱུར་བས་སོ།།
        གསར་འགྲོགས་ཆེ་བའི་གཞོན་ནུ་རྣམས་ཀྱིས་གསར་ཞེན་གྱི་གདོང་རྩི་བྱུགས་ཏེ་རྫིག་ཉམས་དང་ཡིན་མདོག་ངོམ་དུས་མེ་ལྕེ་དེས་སྐུར་འདེབས་དང་སྒྲོ་འདོགས་ཅི་ཡང་མེད་པར་ཡིན་མིན་དང་ཡོད་མེད་བར་ལ་དབྱེན་ཟླུམ་གསལ་པོ་ཞིག་མཛད། རྒྱུ་མཚན་ནི་རྟོགས་སད་ལས་འབར་བའི་མེ་ལྕེ་ཡིས་ཡུལ་དང་ཡུལ་ཅན་གྱི་བདེན་རྫུན་ཚད་མས་འཇལ་ཞིང་གསར་པ་དང་རྙིང་པའི་ལྕི་ཡང་རྒྱ་མས་བཀྱགས་པས་སོ།།
        ལུགས་གཉིས་ཀྱི་ངོ་བོ་དང་རང་བཞིན། ཁྱད་ཆོས་དང་ཡོན་ཏན་ལ་བརྡར་ཤ་སྤུ་ཙམ་ཡང་མ་ཆོད་ཀྱང་ཁྱེད་ཀྱི་ལྟ་བ་དང་ང་ཡི་གྲུབ་མཐའ་ཞེས་ཁ་ནས་མཆིལ་མ་འཕེན་འཕེན་དང་ལག་པས་ཐལ་མོ་རྡེག་རྡེག་གིས་རྩོད་པའི་འཁོར་ལོ་བསྐོར་ཏེ་མཛུ་གུ་ལྔ་ཡིས་ལྗི་བ་རེ་རེ་མནན་ཁུལ་བྱས་ཀྱང་མཐར་ཅི་ཡང་མེད་པར་དགྲ་བོ་དགའ་ལ་ཉེ་རིགས་སྡུག་དགོས་པའི་གནས་སུ་ལྷུང་། འོན་ཀྱང་ཡུལ་དུས་གང་དུའང་གཞོམ་གཞིག་བྲལ་བའི་མེ་ལྕེ་དེ་ཕྲག་དོག་གི་རླུང་བུ་ཡིས་ཉིན་རེ་བཞིན་ཆེ་རུ་འབར་ཏེ་ཞེ་སྡང་གི་ཆུ་བོའང་སྐམ་པར་བྱེད་ངེས།
        མེ་ལྕེ་དེའི་འོད་མདངས་ལས་གོ་རྟོགས་སད་པའི་གཞོན་རབས་ཚོའི་ངོ་གདོང་གསལ་ལྷང་ངེར་མཐོང་། བསམ་གཞིག་པ་གང་མང་ཞིག་བྱ་རྒོད་གནམ་ལ་འཕུར་བ་དང་ཉ་མོ་ཆུ་ལ་འཁྱུག་པ་ལྟར་རང་མོས་དང་རང་དབང་གིས་འདུར་རྒྱུགས་མཛད་བཞིན་མཆིས་པ་ན་གངས་ཁ་བ་ལོ་རེ་ལ་ཇེ་མཐུག་དང་ཆུ་གཙང་པོ་ཟླ་རེ་ལ་ཇེ་རྒྱས་སུ་འགྲོ་བཞིན་འདུག་གོ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1