༄༅།། ཝ་དམར།

རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 03-01



        ཝ་དམར་གྱི་ལུས་པོའི་རིང་ཚད་ལ་ལི་སྨི་50ནས་ལི་སྨི་90དང་ལྗིད་ཚད་ལ་སྤྱི་རྒྱ་5ནས་སྤྱི་རྒྱ་10དང་ཆེས་ལྕི་བ་ལ་སྤྱི་རྒྱ་15ཡོད་ཅིང་། རྔ་མའི་རིང་ཚད་ལ་ལི་སྨི་30ནས་ལི་སྨི་60ཡོད་པ་ཡིན། མོ་ལས་ཕོ་ཅུང་ཆེ། རྒྱབ་གཞུང་གི་སྤུ་མདོག་ལ་རྣམ་པ་སྣ་ཚོགས་སུ་སྣང་མོད། ཆེས་རྒྱུན་མཐོང་གི་སྤུ་མདོག་ནི་ཁམ་དམར་ཡིན། མགོ་བོའི་སྤུ་མདངས་མང་ཆེ་བ་ཁམ་སྐྱ་ཡིན་ལ་རྣ་རྒྱབ་ནི་ནག་པོའམ་ཁམ་ནག་ཡིན། མ་མགལ་ནས་བྲང་ངོས་བར་དཀར་སྐྱ་དང་གཞོགས་གཉིས་ལ་ཅུང་སེར་ཞད་འདྲེས། ལྟོ་ངོས་དཀར་པོའམ་སེར་པོ་ཡིན་ལ་སུག་བཞིའི་མདངས་ཅུང་གསལ། རྔ་མའི་དཀྱིལ་དབུས་དམར་སེར་དང་རྩེ་མོ་དཀར་པོ་ཡིན། ཝ་དམར་ནི་མཚོ་ངོས་ལས་སྨི་2000ནས་སྨི་5000གིས་མཐོ་བའི་ནགས་ཚལ་དང་རྫུབས་གསེང་། རྩྭ་ཐང་། བྱེ་ས་དང་རི་ཁུལ་སོགས་ཁོར་ཡུག་སྣ་ཚོགས་སུ་འཚོ་སྡོད་བྱེད་ཅིང་ས་ཁུང་དང་སྡོང་ཁུང་། བྲག་སྲུབས་སོགས་སུ་ཚང་མལ་བཅའ་བར་དགའ་ལ་མཚམས་ལན་རེར་རི་བོང་དང་གྲུམ་པ་སོགས་ཀྱི་ཚང་བཟུང་བའང་ཡོད་མོད། ངེས་གཏན་གྱི་ཚང་མལ་ནས་གཏན་སྡོད་བྱེད་པ་ཅུང་ཉུང་། སྐྱེ་འཕེལ་བྱེད་པའི་དུས་རིམ་དང་ཝ་ཕྲུག་སྐྱོང་བའི་སྐབས་མ་གཏོགས་མཉམ་སྡོད་མི་བྱེད་པར་ཁེར་འགྲོ་སྟེག་པ་ཞིག་ཡིན། རྒྱུན་པར་ཉིན་དཀར་མི་མངོན་པའི་ཚང་ནས་གཉིད་ཅིང་དགོང་མོའི་དུས་སུ་ཕྱིར་ཡོང་ནས་ཁ་ཟས་འཚོལ་བ་ཡིན། ཝ་དམར་གྱི་རྔ་མ་ལ་བརླན་འགོག་པ་དང་དྲོད་སྲུང་བའི་ནུས་པ་དང་ལྡན། རྐང་ལག་ཅུང་ཐུང་ཐུང་ཞིག་ལས་མེད་ནའང་སྡེར་མོ་རྣོ་ངར་དང་ལྡན་པ་ཞིག་ཡིན་ལ་རྒྱུགས་ནའང་ཤིན་ཏུ་མགྱོགས་པ་དང་བརྔོན་དངོས་བདའ་འདེད་བྱེད་སྐབས་དུས་ཚོད་རེར་སྤྱི་ལེ་50ཡི་མྱུར་ཚད་ཡིན་པར་མ་ཟད་རྐྱལ་ལ་མཁས་ཤིང་སྡོང་མགོར་འགོ་བའི་རྩལ་དང་ལྡན། ཁ་ཟས་གཙོ་བོ་ནི་བྱི་བའི་རིགས་དང་བྱ་རིགས། འབུ་སྲིན་དང་ཤིང་འབྲས་སོགས་ཡིན། 

        ཝ་དམར་ནི་འཛམ་གླིང་གི་ས་ཁུལ་མང་ཆེ་བར་ཁྱབ་ཡོད་པའི་སྲོག་ཆགས་ཤིག་ཡིན། ཚང་ལ་འགྲོ་བའི་དུས་སྐབས་ནི་དཔྱིད་དུས་ཡིན་པ་དང་མངལ་སྦྲུམ་པའི་དུས་ཡུན་ནི་ཉི་མ་ལྔ་བཅུ་ནས་དྲུག་ཅུ་ཡིན། ཟླ་བ་ལྔ་བར་ཝ་ཕྲུག་བཙའ་བ་དང་བཙའ་ཐེངས་གཅིག་ལ་ཕྲུ་གུ་གཉིས་ནས་ལྔ་བར་བཙའ་བ་ཡིན། བཙས་མ་ཐག་གི་ཝ་ཕྲུག་གི་སྤུ་མདོག་ནག་ཅིང་ཐུང་བ་དང་ཤེད་ཤུགས་གང་ཡང་མེད་ཅིང་ལྗིད་ཚད་ལ་ཕལ་ཆེར་ཁེ་60ནས་90ཡོད། བཙས་ནས་ཉིན་བཅུ་བཞི་ནས་བཅོ་བརྒྱད་འགོར་ན་ད་གཟོད་མིག་ཕྱེ་བ་ཡིན་ཞིང་དེའི་རིང་ཝ་མོས་དར་ཅིག་ལའང་ཁ་མི་འབྲལ་བར་བདག་སྐྱོང་གང་ལེགས་བྱེད་པ་ཡིན། ཝ་དམར་གྱི་ཚེ་ཚད་ལོ་བཅུ་བཞི་ཡས་མས་ཡིན།

        བོད་མིའི་ཁ་དཔེ་རུ་ཝ་དམར་པོ་གྲ་ཁ་ཅན་པོ་ཞེས་ཝ་དམར་གྱི་པགས་པ་རྩ་ཆེན་ཞིག་ལ་བརྩི་བ་དང་། མིག་མདུན་གྱི་ཁེ་ཕན་ཆུང་ངུ་བསམ་མཁན་གྱི་མི་ཁ་ཤས་ཀྱིས་གསོད་དྲགས་པ་དང་། དུག་ཕོག་ནས་ཤི་བའི་བྱི་བའི་རོ་བཟས་པ་སོགས་ཀྱིས་ཝ་དམར་གྱི་གྲངས་འབོར་ཇེ་ཉུང་དུ་སོང་ཡོད། ཝ་དམར་ནི་སྐྱེ་ཁམས་མ་ལག་སྤྱི་དང་ཁྱད་པར་ཕྱུགས་ལས་དང་ཞིང་ལས་ལ་ཕན་ཆེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པས་སྲུང་སྐྱོབ་ཀྱི་དགོས་གལ་ཤིན་ཏུ་ཆེའོ། །
        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།        



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1