༄༅།། ཁ་ཆེམས་ཁྲོད་དུ་དམིགས་བསལ་གྱི་བགོ་སྐལ་འཇོག་པ་ཞེས་པ་ཅི་ལྟ་བུ་ཞིག་ཡིན།

མདོ་སྡེ་རྒྱལ་གྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-08


བློ་མཐུན་རྩོམ་སྒྲིག་པ་ལགས།
    རྡོ་འབུམ་དང་སྙིང་མོ་གཉིས་ནི་བཟའ་ཟླ་ཡིན་ཞིང་། ཁོ་གཉིས་ལ་བུ་དང་བུ་མོ་གཉིས་ཡོད་ལ་བུ་སྔ་མོ་ནས་གཉེན་སྒྲིག་བྱས་ཟིན། བུ་མོ་ཆུང་དུས་ནས་བཟུང་དབང་བོ་སྐྱོན་ཅན་ཡིན་ལ་ཕ་མ་གཉིས་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད། དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁྱིམ་ཚང་གང་བོའི་བར་དུ་ཁ་རྩོད་ཅུང་ཙམ་རེ་ཡོད་ཅིང་། ལྷག་པར་དུ་ཨ་ཕ་དང་བུ་མོ་གཉིས་ཀྱི་འབྲེལ་བ་དེ་འདྲའི་བཟང་རྒྱུ་མེད་པར་མ་ཟད། ཕན་ཚུན་བར་དུ་ཁ་བརྡ་འང་བྱེད་ཀྱིན་མེད། རྡོ་འབུམ་རིམ་གྱིས་ན་སོ་རྒས་པ་དང་སྦྲགས་རྒྱུ་ནོར་ཡོད་ཚད་བུ་དང་ཆུང་མ་སྙིང་མོ་གཉིས་ལ་ཤུལ་འཛིན་བྱ་རུ་འཇོག་རྒྱུ་དང་བུ་མོར་སྒོར་མོ་གཅིག་ཀྱང་མི་སྟེར་བའི་ཁ་ཆེམས་འཇོག་བསམ། དེ་བས་རྡོ་འབུམ་གྱིས་དོན་དག་དེའི་ཆེད་དུ་ཁྲིམས་རྩོད་པ་ཞིག་བཙལ་ཏེ་བློ་དྲིས་མོད། འོན་ཀྱང་ཁྲིམས་རྩོད་པས་ཁོ་ལ་ཁ་ཆེམས་ཁྲོད་དུ་བུ་མོར་དགོས་ངེས་ཀྱི་ཤུལ་ནོར་ཐོབ་སྐལ་འཇོག་དགོས་ཚུལ་བཤད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་འདྲི་རྒྱུ་ཞིག་ཡོད་པ་ནི་བཅའ་ཁྲིམས་ཀྱིས་དོན་དག་འདི་ལྟ་བུར་ཇི་ལྟར་གཏན་ཁེལ་བྱས་ཡོད་པ་དང་ཁ་ཆེམས་ཁྲོད་ཀྱི“དམིགས་བསལ་བགོ་སྐལ་འཇོག་པའི”གཏན་ཁེལ་ཅི་ལྟ་བུ་ཞིག་ཡིན།
                                                                                     ཞེས་ལྷ་བྱམས་ནས།  
བློ་མཐུན་ལྷ་བྱམས་ལགས།
        རང་རྒྱལ་གྱི《ཤུལ་འཛིན་བཅའ་ཁྲིམས》དང་ཁྲིམས་འཛིན་འགྲེལ་བཤད་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན། “ཁ་ཆེམས་ཁྲོད་ངལ་རྩོལ་བྱེད་ནུས་མེད་པ་དང་འཚོ་བའི་ཡོང་ཁུངས་མེད་པའི་ཤུལ་འཛིན་མིར་དགོས་ངེས་ཀྱི་ཤུལ་ནོར་ཐོབ་སྐལ་འཇོག་དགོས། ཁ་ཆེམས་འཇོག་མཁན་གྱིས་ངལ་རྩོལ་བྱེད་ནུས་མེད་པ་དང་འཚོ་བའི་ཡོང་ཁུངས་མེད་པའི་ཤུལ་འཛིན་མིར་ཤུལ་ནོར་ཐལ་སྐལ་བཞག་མེད་ཚེ། ཤུལ་ནོར་ཐག་གཅོད་བྱེད་དུས། ཤུལ་འཛིན་མིར་དགོས་ངེས་ཀྱི་ཤུལ་ནོར་འཇོག་དགོས་ཤིང་། ལྷག་མའི་ཤུལ་ནོར་དག་ཁ་ཆེམས་ལྟར་གཏན་ཁེལ་བྱས་ཡོད་པའི་བགོ་བཤའི་རྩ་དོན་ལྟར་ཐག་གཅོད་བྱ་དགོས”ཞེས་བཀོད་ཡོད། འདི་རུ་གླེང་བཞིན་པའི“དགོས་ངེས་ཀྱི་ཤུལ་ནོར་ཐོབ་སྐལ”ནི“དམིགས་བསལ་གྱི་བགོ་སྐལ་འཇོག་པ”ཞེས་པ་དེ་ཡིན།“ དམིགས་བསལ་གྱི་བགོ་སྐལ་འཇོག་པ”ཞེས་པ་ནི་ཤུལ་འཛིན་བྱེད་ཡུལ་གྱིས་ཁ་ཆེམས་བཀོལ་ཏེ་ཐག་གཅོད་བྱས་ཆོག་པ་ཞིག་མིན་ལ། དེ་ནི་ངེས་པར་དུ་ངལ་རྩོལ་བྱེད་ནུས་མེད་པ་དང་འཚོ་བའི་ཡོང་ཁུངས་མེད་པའི་ཁྲིམས་བཀོད་ཤུལ་འཛིན་མིར་དགོས་ངེས་ཀྱི་ཤུལ་ནོར་ཐོབ་སྐལ་འཇོག་པ་ཞིག་ལ་ཟེར།
       གོང་གི་གྱོད་དོན་འདིར་གཞིགས་ན། བུ་མོར་ངལ་རྩོལ་བྱེད་ནུས་དང་འཚོ་བའི་ཡོང་ཁུངས་མེད་པས། རྡོ་འབུམ་གྱིས་ཁ་ཆེམས་ཁྲོད་དུ་བུ་མོར་དགོས་ངེས་ཀྱི་ཤུལ་ནོར་ཐོབ་སྐལ་འཇོག་དགོས།
               
                                                                                               ཞེས་ཁྲིམས་ལུགས་ཚགས་པར་ཁང་གི་བཅའ་ཁྲིམས་བློ་སྟོན་ཁང་ནས།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1