གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

འབྲོག་ཤེས་རབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༡༤ཉིན།

༄༅།། སྟོན་ཁར་འཇུག་ཚུལ།

        སྟོན་ཁ་འདིར། མཚན་མོའི་ལམ་སྒྲོན་གྱི་འོད་ལ་འཚང་ཁ་ཤིག་ཤིག་བྱེད་པའི་སྟོན་གྱི་ལོ་མ་དག་སྐྱོ་ངལ་གྱི་ཚུལ་དུ་བྲེལ་འཚུབ་ཀྱིས་ཕར་དེད་ཚུར་དེད་བྱས་ནས་ས་རུ་ཟགས་བཞིན་འདུག སྟོན་ཟླ་ཧྲིལ་པོར་ཞིག་འདི་ལྟར་བློ་འགྱོད་དང་བཅས་བར་སྣང་ནས་འདབ་མ་རེ་ས་རུ་འབབ་བཞིན་འདུག མལ་ཁང་གི་སྒེའུ་འགྲམ་དང་ལམ་གྱི་རྡོ་བཅལ། སློབ་ཁང་གི་སྐས་ཐེམ། ད་དུང་རྒྱང་མཐོང་གི་མེ་ལོང་དང་སྤྱོད་ཁང་གི་གྱང་རྩྭའི་ངོས་སུ་འཇབ་རྒོལ་ཐེབ་པའི་དམག་དཔུང་བཞིན་གཡུལ་སར་འཚང་བཞིན་འདུག
        སྐྱོ་ངལ་སྦྲུམ་པའི་ནང་སེམས་ཀྱི་གས་སྲུབ་ནས་ལྷུང་བའི་ལོ་མ་དག་གི་ཉམས་སྣང་ནི་ཤ་པགས་ཕྱི་བའི་དྲིལ་སྟངས་གཞན་ཞིག་ཡིན་ཏེ། རྣ་བར་གཟན་པའི་རླུང་བུ་ཤབ་ཤུབ་ཞིག་དང་ལྷན་དུ་སྐྱི་པགས་བརྟོལ་ནས་ནང་སེམས་སུ་གྲང་རླུང་དུམ་གཅིག་ངང་གིས་འཚང་འོང་། ཡང་ལན་རེར་སྲོད་ཁའི་མཚམས་སྤྲིན་དང་མཚན་མོའི་ལྷིང་འཇགས་ཀྱིས་ཅོ་འདྲི་བ་ནང་བཞིན། ས་རུ་ཟགས་པའི་སྡོང་ལོ་རེ་རེ་ནང་སེམས་ནས་ལུས་སེམས་བཤག་པའི་གོ་རིམ་ཞིག་ཉམས་སུ་མྱོང་བར་བརྩམས།
        དགུན་གྱི་ཁ་གཏད་དུ་ཕྱོགས་པའི་དུས་ཚིགས་འདིའི་སྲ་མཁྲེགས་ལ་ལན་པ་ཡིན་ནམ། སྟོན་གྱི་རྨི་ལམ་བདས་པའི་གཙང་པོ་དང་ནམ་མཁའི་འཁོར་མོའི་ཡུག་ན་མཐོ་སྒང་དབྱངས་གསལ་གྱི་ང་རོ་སྒྲོག་པའི་བྱིས་པ་གཅེར་བུ་དེ་དག་གིས་དགའ་སྐྱོ་ཆུ་རིས་སུ་བཀྲམ་པ་ཡིན་ནམ། ཡང་ན། འཁྲེང་ཞེན་གྱིས་བཏུས་པའི་རྨི་ལམ་ཞེས་པའི་ཐ་སྙད་རེ་འགས་འགུལ་སྟངས་ཤིག་ལ་ལན་པ་ཡིན་ནམ། གདམས་གསེས་གྲངས་མེད་ཀྱི་འདུས་མདོ་རུ་ཨུ་ཚུགས་ཀྱིས་ཧད་པའི་ཚེ་སྲོག་འདབ་ལོ་ལས་གཉོམ་ལྕུག་ལྕུག་ཏུ་གྱུར་བའི་སྣང་བ་ཞིག་འཆར་ཨང་།
        རང་དབང་མེད་པར་ཐོར་བའི་ལོ་མ་རེ་རེ་ནི་དགུན་གྱི་ཁ་བ་བབ་པ་དང་འདྲ་བར། ཡིད་སེམས་སྨྲེང་པའི་དབུགས་རིང་ནར་ནར་དང་འོ་འདོད་ཤར་ཤར་ཞིག་ལུས་སེམས་ཀྱི་གས་སྲུབ་ནས་བཞུར་འོང་། ཟགས་བཞིན་པའི་སྡོང་ལོ་འདི་དག་ལས་ངས་ས་སྲོད་ཅིག་ལ་འདྲི་རྟགས་ག་ཚོད་ཅིག་རྙེད་སྲིད་དམ། སེམས་ཀྱི་ཡས་མཐའ་ནས་འོངས་བའི་ངུ་ཤོམ་རེ་རེས་ཟགས་བཞིན་པའི་སྡོང་ལོ་རེ་ལ་མྱ་ངན་གྱི་བསྒྲགས་གཏམ་སྤེལ་ཚུལ་ཞིག་ཡིན་ནམ། རྟོག་འཆར་གྱི་ལམ་ནས་སུ་ཞིག་ལ་ཨུ་ཚུགས་བྱས་ནས་འགྲེང་ཡོད་པ་ཡིན་ནམ།
སྟོན་རླུང་ཟ་ཟི་དེས། ང་ལ་བྲེད་ཤ་ལངས་པའི་ཚོར་བ་རེ་སྐྱེ་རུ་བཅུག་སྟེ། དུས་ཚིགས་ཀྱི་འབབ་སྟེགས་སུ་ཟགས་བཞིན་པའི་ལོ་མ་དག་ང་དང་ཅི་འདྲའི་མཚུངས་བའི་ཉམས་སྣང་ཞིག་གིས་སྐྱི་པགས་བརྟོལ་ནས་བདག་སེམས་སུ་ལྷུང་སོང་། དེ་ནི་སྐྱོ་ངལ་གྱིས་གཏུབ་པའི་དུས་ཚིགས་ཤིག་གི་རྫོགས་བཤད་རིང་མོ་དེ་ཡིན་པར་སྙམ་སྲིད། །

39.7K

རྩོམ་ཡིག་རྗེས་མ།
༄༅།། ཨ་མ་དང་ཁྱིམ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1